ཚེས་བཅུ་གསུམ་ཉིན། བོད་ལྗོངས་ཁང་ཁྲེང་སྐྲན་ནད་སྨན་ཁང་ལྷ་ས་ནས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། གསར་འགོད་པས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་བོད་ལྗོངས་ཀྱི་སྐྲན་ནད་ཆེད་ལས་ཚན་ཁག་གི་སྨན་ཁང་དང་པོ་ཡིན་པ་དང་། དེས་བོད་ལྗོངས་ལ་སྐྲན་ནད་ཆེད་ལས་ཚན་ཁག་གི་སྨན་ཁང་མེད་པའི་སྟོང་ཆ་བསྐངས་ཡོད།
ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཁམས་གྲོང་སྐྲན་ནད་སྨན་ཁང་ནི་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་དངུལ་གཏོང་ཀུང་སི་གཉིས་ཀྱིས་མཉམ་དུ་མ་དངུལ་བཏང་ནས་བཙུགས་པ་ཡིན། མིག་སྔར་བོད་ལྗོངས་ཀྱི་ནད་རིགས་བརྟག་དཔྱད་དང་། སྨན་བཅོས། སློབ་ཁྲིད། ཚན་རིག་ཞིབ་འཇུག སྔོན་འགོག ལུས་ཁམས་བདེ་སྲུང་། ནད་གསོ་བཅས་གཞི་གཅིག་ཏུ་འདུས་པའི་སྐྲན་ནད་ཆེད་ལས་ཚན་ཁག་གི་སྨན་ཁང་གཅིག་པུ་ཡིན། སྨན་ཁང་གི་རྒྱ་ཁྱོན་བསྡོམས་པས་སྨི་གྲུ་བཞི་མ་ཁྲི་གཉིས་དང་སྟོང་གསུམ་བདུན་བརྒྱ་ཟིན་པ་དང་ཉལ་ཁྲི་ཉིས་བརྒྱ་བཀོད་སྒྲིག་བྱས་ཡོད། ནད་གཞི་བརྟག་ཞིབ་སྨན་བཅོས་ཚན་ཁག་ལ་སྐྲན་ནད་ཕྱི་ནད་ཚན་ཁག་དང་། སྐྲན་ནད་ཁོང་ནད་ཚན་ཁག སྐྲན་ནད་བུད་མེད་ཚན་ཁག་སོགས་འདུས་ཡོད། སྨན་ཁང་གིས་རིམ་པ་གསུམ་པའི་སྐྲན་ནད་ཆེད་ཚན་སྨན་ཁང་གི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཏེ་འབྲེལ་ཡོད་ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་དང་ཞིབ་བཤེར་རྩིས་ལེན་བྱས།
ས་གནས་དེའི་ནད་པར་ཞབས་འདེགས་སྔར་ལས་བཟང་པོ་ཞུ་ཆེད། སི་ཁྲོན་ཞིང་ཆེན་སྐྲན་ནད་སྨན་ཁང་དང་བོད་ལྗོངས་ཁམས་གྲོང་སྐྲན་ནད་སྨན་ཁང་བར་མཉམ་ལས་གྲོས་མཐུན་གྱི་མིང་རྟགས་བཀོད་དེ་དུས་ལྟར་ཆེད་མཁས་པ་བོད་ལྗོངས་སུ་མངགས་ནས་གཤགས་བཅོས་དང་། ནད་དཔྱད། སློབ་ཁྲིད་སོགས་བྱེད་རྒྱུ་རེད། དུས་མཚུངས་སུ་དྲ་ཐོག་རྒྱང་བསྟེན་ནད་དཔྱད་དང་། སློབ་ཁྲིད། བཀོལ་སྤྱོད་སོགས་ཀྱི་ལས་དོན་སྤེལ་རྒྱུ་རེད། །
རྩོམ་སྒྲིག་པ། འབྲུག་མོ།