འཁྱགས་ཟས་འཁྱགས་ཆུ་བསྟེན་ན་ལུས་ཕུང་ལ་གནོད་པ་ཆེན་པོ་ཐེབས་སྲིད།
2020.08.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

དབྱར་ཁར་ཚ་གདུག་ཆེ་བའི་དབང་གིས་མི་རྣམས་འཁྱགས་པའི་རིགས་བཟའ་བའམ་འཐུང་རྒྱུར་ཧ་ཅང་དགའ་མོད། འོན་ཀྱང་འཁྱགས་ཟས་རིགས་བཟའ་ཚད་མང་ན་ལུས་ཕུང་ལ་གནོད་པ་ཆེན་པོ་ཐེབས་པས། རྒན་པ་དང་དལ་བའི་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་ནད་པ་རྣམས་ཀྱིས་མཉམ་འཇོག་ལེགས་པོ་བྱེད་དགོས།

ཆུ་འཁྱགས་འཐུང་བ།

ཆུ་འཁྱགས་འཐུང་ན་མིའི་ལུས་སྟེང་གི་ཁྲག་རྩ་འཁུམ་སླ་བ་དང་། དབྱར་ཁར་ཆུ་འཁྱགས་འཐུང་རྒྱུ་མང་ན་ལུས་ཁམས་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས་སྲིད་སྟེ། དཔེར་ན་རྒན་པ་རྣམས་ཀྱིས་ཆུ་འཁྱགས་འཐུང་ན་ཁྲག་རྩ་འཁུམ་སྟེ། ཕྲོག་དབྱིབས་སྡོད་རྩར་རྩ་འཁུམ་འབྱུང་བ་དང་རྩ་ལམ་ཇེ་དོག་ཏུ་སོང་ནས། ཁྲག་རྒྱུན་འཁོར་རྒྱུག་གི་ཚད་ཇེ་དལ་དུ་སོང་བའི་དབང་གིས་སྙིང་གཟེར་ནད་འབྱུང་བ་དང་ཐ་ན་སྙིང་རྩ་འགག་སླ་བ་རེད།

འཁྱགས་ཟས་བཟའ་བ།

འཁྱགས་ཐུག་དང་ཆུ་ཀུབ། ལྦུ་ཆང་བཅས་འཁྱགས་པའི་རིགས་ཀྱི་ཟས་དང་བཏུང་བྱ་བསྟེན་ན། ཕོ་བའི་ཁྲག་རྩ་འཁུམ་པ་དང་ཁྲག་རྒྱུན་འཁོར་རྒྱུག་གི་ཚད་ཇེ་དལ་དུ་འགྲོ་བས། ཕོ་བའི་སྤྲི་དཀར་རྩབས་དང་རྒྱུ་མའི་སིང་ཕྱེ་རྩབས་སོགས་ཇེ་ཉུང་དུ་སོང་ནས་ཟས་རིགས་འཇུ་བར་གནོད་པ་ཐེབས་སྲིད་པ་དང་། དེ་ལྟར་ཡུན་རིང་འགོར་ན་ཕོ་རྒྱུའི་རིམས་འགོག་ནུས་པ་ཇེ་དམའ་རུ་སོང་ནས་ཕོ་རྒྱུ་ལ་སྲིན་འབུའི་ནད་དུག་སོགས་ཀྱི་གནོད་པ་ཐེབས་སླ། གཞན་ད་དུང་འཁྱགས་ཟས་རིགས་ཀྱིས་རྒྱུ་མའི་འབྱར་སྐྱི་དང་ཕོ་རྒྱུའི་ནང་ངོས་ཀྱི་དབང་རྩའི་མཇུག་སྣེ་ལ་ཕོག་ཐུག་བཏང་སྟེ། གསུས་ཁོག་ན་བ་དང་བཤལ་བ་སོགས་མྱུར་བའི་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་འབྱུང་སླ་བ་རེད།

ཆུ་འཁྱགས་ཀྱིས་ཁྲུས་བྱེད་པ་དང་ཁ་ངོ་བཀྲུ་བ།

ལུས་སྦྱོང་བྱས་ཏེ་རྔུལ་ཆུ་མང་པོ་བཞུར་རྗེས། མི་མང་པོ་ཞིག་གིས་མྱུར་དུ་ཆུ་འཁྱག་གིས་ཁྲུས་བྱེད་ཀྱིན་ཡོད། ལུས་སྦྱོང་བྱས་རྗེས་ཁྲག་རྒྱུན་གྱི་འཁོར་རྒྱུག་ཇེ་མགྱོགས་སུ་འགྲོ་བ་དང་། བ་སྤུའི་བུ་ག་རྣམས་ཕྱེས་ཡོད་པས། གལ་ཏེ་ཆུ་འཁྱགས་ཀྱིས་ཁྲུས་བྱས་ན་གྲང་ངད་མགྱོགས་མྱུར་ངང་བ་སྤུའི་བུ་ག་བརྒྱུད་དེ་ལུས་ནང་དུ་འགྲོ་བ་དང་། དེ་ནས་འཁྱགས་པ་དང་འཕྲད་པའི་དབང་གིས་ལུས་སྟེང་གི་བ་སྤུའི་བུ་ག་རྣམས་མྱུར་དུ་ཟུམ་འགྲོ་པས། གྲང་ངད་དེ་ལུས་སྟེང་ནས་ལུས་ཕྱིར་མངོན་མི་ཐུབ་པར་ལུས་པོར་གནོད་པ་ཆེན་པོ་བཟོ་སྲིད།

རྩོམ་སྒྲིག་པ། འབྲུག་མོ།