དབྱར་ཁར་མོ་ནད་སྔོན་འགོག་ལ་དོ་སྣང་བྱེད་དགོས།
2020.08.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 54

མོ་ནད་གཉན་ཚད་ནི་ཧ་ཅང་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། དེའི་ནང་གི་སྐྱེ་ལམ་གཉན་ཚད་ནི་འབྱུང་ཚད་ཅུང་མཐོ་བའི་ནད་རིགས་ཤིག་རེད། ཆེད་མཁས་པས་བཤད་པ་ལྟར་ན། དབྱར་ཁར་མོ་ནད་གཉན་ཚད་རྒྱས་པའི་ཚད་སྟོན་ཁ་དང་དགུན་ཁ་ལས་མང་བས། གཙང་སྦྲར་སྔར་ལས་དོ་སྣང་ལེགས་པོ་བྱས་ཏེ་མོ་ནད་འབྱུང་བ་སྔོན་འགོག་བྱེད་དགོས།

པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་ཟུར་གཏོགས་སྨན་ཁང་གསུམ་པའི་མོ་ནད་ཚན་ཁག་གི་ཀྲུའུ་རེན་མ་ཞའོ་ནཱ་ཡིས་བསྟན་དོན། བུད་མེད་མང་པོ་ཞིག་གིས་མོ་ནད་ཀྱི་གནོད་འཚེ་ལ་ངོས་འཛིན་བྱེད་ཚད་མི་འདང་བ་སྟེ། ན་བའམ་ཡང་ན་ཟ་འཕྲུག་ལངས་ནས་བཟོད་དཀའ་བའི་གནས་ཚུལ་བྱུང་སྟེ་འཚོ་བར་གནོད་འཚེ་ཚབས་ཆེན་ཐེབས་ན་མ་གཏོགས་སྨན་པར་མི་སྟོན་པ་རེད། དོན་དངོས་སུ་མོ་ནད་གཉན་ཚད་ནི་མངལ་མི་སྦྲུམ་པ་དང་ཡང་ན་མངལ་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

ཞུས་ཀྲོའུ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་སྨན་པ་རམ་འབྱམས་པ་གཞོན་པ་ཧི་ཝུན་ཅེ་ཡིས་བསྟན་དོན། མཚང་ཁོག་གཉན་ཚད་དང་མངལ་སྐེའི་གཉན་ཚད། སྐྱེ་ལམ་གཉན་ཚད་སོགས་སྤྱིར་བཏང་གི་ནད་རིགས་ཡོད་ཚད་མོ་ནད་གཉན་ཚད་དུ་གཏོགས་ཤིང་། མངལ་སྐེའི་གཉན་ཚད་རྒྱས་ཚེ་འབྱར་བག་ཅན་གྱི་ཟགས་ཐོན་བྱུང་སྟེ། ཁམས་དཀར་བདེ་བླག་ངང་མངལ་སྐེ་བརྒྱུད་དེ་མངལ་ཁོག་ཏུ་འབབ་པར་གནོད་པ་ཐེབས་པས། མངལ་ཆགས་དཀའ་བ་དང་། རླམ་སྲིན་རང་བཞིན་གྱི་སྐྱེ་ལམ་གཉན་ཚད་དང་གྲང་འབུ་རང་བཞིན་གྱི་སྐྱེ་ལམ་གཉན་ཚད་སོགས་སྐྱེ་ལམ་གཉན་ཚད་ཚབས་ཆེན་རིགས་བྱུང་ཚེ། སྐྱེ་ལམ་གྱི་སྐྱུར་བུལ་ཚད་ལ་འགྱུར་ལྡོག་འབྱུང་དུ་བཅུག་ནས། ཁམས་དཀར་འཚོ་གནས་དང་འགུལ་སྐྱོད་བྱེད་པར་མི་ཕན་པའི་དབང་གིས་མངལ་ཆགས་དཀའ་བ་རེད། ཆེས་རྒྱུན་མཐོང་གི་རླམ་སྲིན་རང་བཞིན་གྱི་སྐྱེ་ལམ་གཉན་ཚད་དེ་རིམ་གྱིས་གྱེན་དུ་རེད་དེ་

མངལ་ཁོག་གཉན་ཚད་རྒྱས་པ་དང་། དེ་ནས་བུ་སྣོད་ནང་སྐྱིའི་གཉན་ཚད་དང་ཁམས་འདྲེན་སྦུ་གུའི་གཉན་ཚད་བྱུང་སྟེ། ཁམས་འདྲེན་སྦུ་གུ་འབྱར་འགག་བྱུང་བ་སོགས་ཀྱིས་མངལ་མི་ཆགས་པ་རེད། མངལ་སྦྲུམ་རྗེས་སྐྱེ་ལམ་གཉན་ཚད་རྒྱས་ན་བུ་རོགས་དང་མགོ་ཆུ་སྐྱི་སྣོད་རེད་དེ་མངལ་འཁུམ་པར་བྱེད་པའི་དབང་གིས་མངལ་ཤོར་བ་དང་ཡང་ན་དུས་མ་ཐོན་པར་བཙའ་བ་སོགས་ཀྱི་གནས་ཚུལ་འབྱུང་སླ་བ་རེད དེ་བས་མོ་ནད་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་།

མ་ཞའོ་ནཱ་ཡིས་གྲོས་གཞི་བཏོན་པ་སྟེ། རྒྱ་ཆེའི་བུད་མེད་རྣམས་ཀྱིས་དབྱར་ཁར་རླུང་རྒྱུ་བའི་སྲིང་བལ་རིགས་ཀྱི་རྐང་ཐུང་གྱོན་པ་དང་། འཁྲིག་སྤྱོད་ཀྱི་སྐབས་སུ་ངེས་པར་དུ་གཙང་སྦྲར་དོ་སྣང་བྱེད་པ་དང་། དུས་རྒྱུན་དུ་ལུས་སྦྱོང་འོས་འཚམ་བྱས་ཏེ། རང་སྟེང་གི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས་པར་མ་ཟད། སྐྱེ་ལམ་གྱི་གཙང་སྦྲར་དོ་སྣང་ལེགས་པོ་བྱས་ཏེ། ཉིན་རེ་བཞིན་ཆུ་གཙང་མས་བཀྲུ་བ་དང་སྐམ་པོ་ཡོང་བར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།