ཟླ་དགུ་བ་ནས་བཟུང་སྨན་རྫས་ཁག་ཅིག་གི་འགྲོ་སོང་རྩིས་ཞུ་བྱ་རྒྱུ་མ་རེད།
2020.08.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ལས་ཁུངས་ཀྱིས《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ཁྱབ་བསྒྲགས་བྱས། གནས་སྐབས་ལག་བསྟར་བྱེད་ཐབས་དེར་རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུའུ་ཡི་ལས་དོན་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ནང་། སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་འགུལ་རྣམ་ལེགས་སྒྲིག་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྩ་དོན་ཐོག་ནས་ལོ་རེར་ལེགས་སྒྲིག་ཐེངས་རེ་བྱེད་དགོས་པ་བསྟན་ཡོད།

《གནས་སྐབས་ལག་བསྟར་བྱེད་ཐབས》ནང་གཤམ་གསལ་གྱི་སྨན་རྫས་རིགས་བརྒྱད《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག》ནང་མི་འཇུག་པའི་གཏན་འབེབས་ཁ་གསལ་བྱས་ཡོད།

གཅིག ལུས་ཟུངས་གསོ་བའི་སྨན་རྫས།

གཉིས། རྒྱལ་ཁབ་ཀྱི་རྩ་ཆེ་ཞིང་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རྒྱུ་ཆ་འདུས་པའི་སྨན་རྫས།

གསུམ། ལུས་ཁམས་བདེ་སྲུང་སྨན་རྫས།

བཞི། སྔོན་འགོག་རང་བཞིན་གྱི་རིམས་འགོག་སྨན་དང་སྦྲུམ་འགོག་སྨན་རིགས།

ལྔ། མཚན་མའི་ནུས་པ་ཆེ་རུ་གཏོང་བ་དང་། སྐྲ་ལྷུང་བ་འགོག་བཅོས། ཚོ་བྱང་དུ་འཇུག་བྱེད། མཛེས་བཟོ། ཐ་མག་གཅོད་པ། ཆང་གཅོད་པ་སོགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་སྨན་རྫས།

དྲུག སྨན་བཅོས་རྣམ་གྲངས་ནང་བཅུག་པ་སོགས་ཀྱི་རྐྱེན་ཀྱིས་ཁེར་རྐྱང་དུ་སྨན་རིན་བསྡུ་ཐབས་བྲལ་བའི་སྨན་རིགས།

བདུན། ཆང་གི་སྦྱོར་རྟ་དང་ཇའི་སྦྱོར་རྟ། སིལ་ཏོག་གི་དྲི་མ་ཅན་གྱི་སྨན་རྫས་སྣ་ཚོགས་དང་། ཁའི་ནང་འཛིན་རྒྱུའི་སྨན་དང་ལྦུ་བ་ཅན་གྱི་སྨན་སོགས།

བརྒྱད། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་གཏན་འབེབས་དང་མི་མཐུན་པའི་སྨན་རྫས་གཞན་དག་བཅས་ཡིན།

གཞི་རིམ་དུ། སྨན་བཅོས་འགན་བཅོལ་བྱང་བུ་ནི་ལུས་ཁམས་བདེ་སྲུང་གི་ཐོན་རྫས་ཉོ་བ་དང་། མཚན་མའི་ནུས་པ་ཆེ་རུ་གཏོང་བའི་སྨན་རྫས་དང་། ཨ་རག་གི་སྦྱོར་རྟ་སོགས་ཉོ་བར་བཀོལ་བའི་གནས་ཚུལ་ཅུང་མང་། སྔོན་ཆད་ས་གནས་ཁ་ཤས་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་ནང་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་བྱང་བུ་ཡིས་ལུས་ཁམས་བདེ་སྲུང་གི་ཐོན་རྫས་དང་འཚོ་བའི་མཁོ་ཆས་ཉོ་མི་ཆོག་པ་བཏོན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་རྐུ་སྤྱོད་བྱེད་པའི་དོགས་པ་ཡོད། སྔོན་ཆད་ཁོངས་གཏོགས་ས་ཁུལ་ཁོ་ནར་དོ་དམ་བྱེད་པ་དང་། ས་གནས་ཁག་གིས་ལག་བསྟར་བྱེད་ཐབས་མི་འདྲ་བ་རེད། ད་ཐེངས་རྒྱལ་ཁབ་ཀྱིས་དངོས་སུ་ཡིག་ཆ་བཏོན་པ་དང་། སླད་ཕྱིན་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་སྨན་རྫས་ཚོང་ཁང་གི་སྨན་བཅོས་འགན་བཅོལ་གྱི་ལྟ་སྐུལ་དོ་དམ་སྔར་བས་ནན་མོ་ཡོང་རྒྱུ་རེད།

ལྡོག་ཕྱོགས་མིང་ཐོར་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་བའི་སྨན་རྫས་ཐད་ཀར་དུ་སྨན་རྫས་དཀར་ཆག་ནས་ཕྱིར་འཐེན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། འབྲུག་མོ།