མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྙན་རིས་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས།
2020.08.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་བརྙན་རིས་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་སྡོམ་མཉམ་འགོག་རྐྱེན་སྲོལ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་ལག་བསྟར་བྱས་ལ། དུས་སྔོན་མའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་སྤྱི་སྡོམ་བྱས་པ་དང་མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྟོན་ཁ་དང་དགུན་ཁའི་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཚབ་མ། བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་བཀོད་སྒྲིག་ཞིབ་མོ་བྱས།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་ཚུན་དུ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དེ་དོན་དག་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཤུགས་ཡོད་འགན་སྲུང་བྱས། ཡིན་ན་ཡང་སྟོན་ཁ་དང་དགུན་ཁའི་དུས་སུ་སླེབས་པ་དང་བསྟུན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མདུན་དུ་ལྷགས་པའི་གནས་བབ་ཅུང་ཛ་དྲག་ཏུ་གྱུར་པས། ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་དམ་འཛིན་བྱེད་པ་དང་། ལྷོད་གཡེང་གི་བསམ་བློ་དང་སྟབས་འགྲིག་གི་བསམ་བློ་མེད་པར་བཟོ་བ། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་ཡང་བསྐྱར་རྟོག་སེལ་དང་ཚོད་འགོག་གཙོ་གནད་ཐད་ནས་ཡང་བསྐྱར་སྲ་བརྟན་དུ་གཏོང་བ། ཚོད་འགོག་རེ་བ་ཡང་བསྐྱར་ལག་བསྟར་བྱས་ཏེ། བྱ་བར་དམ་འཛིན་ལྷོད་མེད་བྱེད་པ་དང་རིམས་ནད་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ནམ་ཡང་སེམས་ཆུང་དོགས་ཟོན་བྱེད་པ་དང་། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། དགུན་དཔྱིད་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་དམ་འཛིན་བྱེད་དགོས། མི་དངོས་མཉམ་འགོག་དང་ནད་མང་མཉམ་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་པར་ཅན་གྱི་གནད་ཕིགས་འགོག་བཅོས་ལག་བསྟར་བྱས་ནས། རྒྱུན་རྣམ་ཅན་གྱི་ཚོད་འགོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་སྨན་བཅོས་ཇུས་གཞི་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཚད་ལྡན་ཅན་གྱི་བརྟག་དཔྱད་སྨན་བཅོས་ལག་བསྟར་བྱས་ཏེ། རིམས་ནད་བརྟག་བཅོས་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། ཡུལ་གནས་གཙོ་བོའི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་དང་། གཞི་གྲངས་ཆེན་པོའི་དབྱེ་ཞིབ་བཀོལ་སྤྱོད་བྱས་ནས། གཞིས་ཁུལ་སོགས་ཀྱི་སྔོན་འགོག་ཚོད་འཛིན་གཡུལ་ས་ཇེ་བརྟན་དུ་གཏོང་དགོས། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་བསྒྲུབ་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ཏུ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་སྲིད་གཞུང་བཅས་ཀྱིས་སྙན་ཞུ་གཏམ་བཤད་བྱས།

རྩོམ་སྒྲིག་པ། འབྲུག་མོ།