ཐན་ཏི་སེ་ཡིས་རིམས་ནད་སྐབས་སུ་སྤྱི་ཚོགས་ཀྱི་འབྲེལ་འདྲིས་མེད་པས་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཡོད་པའི་ཚུལ་བསྟན།
2020.09.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། རིམས་ནད་སྐབས་སུ་སྤྱི་ཚོགས་བྱ་འགུལ་མེད་པས་མི་མང་བོ་ཞིག་གི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཟེར།

ཐན་ཏི་སེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་མི་ས་ཡ་མང་བོའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། སེམས་ཁུར་དང་འཇིགས་དངངས་ཀྱི་སེམས་ཚོར་བསྐྱེད་ནས་སེམས་ཁམས་འཕྲོད་བསྟེན་གྱི་ཞབས་ཞུར་རྙོག་དྲ་བཟོས་ཡོད། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ། སེམས་ཁམས་བདེ་ཐང་དེ་ཀུན་གྱིས་སྣང་མེད་དུ་བསྐྱུར་བའི་བདེ་ཐང་གནད་དོན་ཅིག་ཏུ་གྱུར་ཡོད་ཟེར།

ཁོས་བཤད་རྒྱུར། རྒྱལ་ཁབ་རེ་འགའི་སྤྱི་ཚོགས་རིམ་བཞིན་ལྷོད་ཡངས་སུ་བཏང་བ་དང་བསྟུན་ནས། པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་རྒྱ་ཡན་དུ་འགྲོ་བཞིན་ཡོད་པས། མི་མང་བོ་མཉམ་དུ་འདུས་པའི་བྱ་འགུལ་དེས་རིམས་ནད་རྒྱ་ཡན་དུ་འགྲོ་བར་རོགས་འདེགས་ཀྱི་ནུས་པ་ཐོན་ཡོད་པ་འདྲ་ཡང་། མིའི་རིགས་ནི་སྤྱི་ཚོགས་འབྲེལ་འདྲིས་ལ་གོམས་ཡོད་སྟབས་ངོ་ཐུག་ནས་བརྗེ་རེས་བྱེད་དགོས་པ་རེད། དེ་ནི་ལྷན་སྐྱེས་དང་རྒྱུན་ལྡན་ཅིག་ཡིན་པ་རེད་ཟེར།

ཐན་ཏི་སེ་ཡིས་བལྟས་ན། གནས་ཚུལ་རེ་འགའི་འོག་དུས་ཡུན་ཐུང་ངུའི་ནང་མི་མང་བོ་མཉམ་དུ་འདུས་པའི་བྱ་འགུལ་སྤེལ་མཚམས་འཇོག་པ་དང་བཀག་སྡོམ་བྱེད་པ་ནི་དགོས་ངེས་ཀྱི་བྱ་སྤྱོད་ཅིག་ཡིན་ཡང་། གནས་ཚུལ་གཞན་པའི་འོག་ཏུ། གསར་གཏོད་རང་བཞིན་གྱི་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་ཀྱིས་བྱ་འགུལ་དེ་རིགས་སྤེལ་ནས་ཉེན་ཁ་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱེད་དགོས་ཟེར། ཁོས་རྒྱལ་ཁབ་དང་ས་ཁུལ་སོ་སོས་རིམས་ནད་ཀྱི་ཉེན་ཁའི་ཆུ་ཚད་ལ་གཞིགས་ཏེ་ཇི་ལྟར་བདེ་འཇགས་ངང་སྤྱི་བའི་དགའ་སྟོན་བྱ་འགུལ་སྣ་ཚོགས་སྤེལ་བར་རང་ཐག་རང་གིས་བཅད་ཆོག་པར་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་མི་རྣམས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་འདོད།  །

རྩོམ་སྒྲིག་པ། འབྲུག་མོ།