ཟླ་དགུ་བ་ནི་དབྱར་འདས་ནས་སྟོན་མགོ་ཚུགས་པའི་དུས་ཚིགས་ཡིན་པས། ཚ་བ་ཆེ་བའི་དབྱར་ཁ་རིམ་གྱིས་ཕར་འདས་ནས་ནངས་དགོང་གཉིས་ལ་ཅུང་འཁྱགས་པའི་ཚོར་བ་ཞིག་ངང་གིས་སྟེར་སྲིད། ནམ་ཟླ་ཇེ་འཁྱགས་སུ་སོང་བ་དང་བསྟུན་ནས་ཉིན་མོ་དྲོ་ལ་དགོང་མོ་ཅུང་འཁྱགས་པ་རིམ་གྱིས་མངོན་གསལ་རེད། ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་བྱིས་པའི་རིམས་འགོག་ནུས་པ་ཅུང་ཞན་པས། དུས་ཚིགས་འདིར་ཁྱིམ་བདག་རྣམས་ཀྱིས་བྱིས་པའི་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་དགོས། སྟོན་མགོ་ཚུགས་པའི་སྐབས་སུ་བྱིས་པར་ནད་རིགས་གང་དག་འབྱུང་སླ་བ་དང་རིམས་ནད་གང་དག་འགོས་སླ་བ། ལོ་གཞོན་ཕ་མ་རྣམས་ཀྱིས་བྱིས་པར་ནད་རིགས་དེ་དག་ཇི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན།
སྟོན་མགོ་ཚུགས་པའི་སྐབས་སུ། ནམ་ཟླར་འགྱུར་ལྡོག་ཆེ་བས་བྱིས་པར་ཆམ་ནད་བྱུང་ནས་ཚ་རྒྱག་པ་དང་། མྱུར་བའི་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་འབྱུང་ཚད་ཅུང་མཐོ་བ་རེད།
དུས་ཚིགས་བརྗེ་བའི་སྐབས་སུ་ནམ་ཟླར་འགྱུར་ལྡོག་ཆེ་བས། བྱིས་པར་ནད་འབྱུང་སླ་བ་རེད། དུས་མཚུངས་སུ་ཉིན་མོར་ད་དུང་དྲོད་ཚད་ཧ་ཅང་མཐོ་བས་མི་རྣམས་ལ་སྟོན་མགོ་ཚུགས་ཡོད་པའི་སྣང་བ་ཅི་ཡང་མེད་ཕྱིར། དབྱར་ཁའི་འཚོ་བའི་གོམས་སྲོལ་དེ་མ་ཐག་བསྒྱུར་མི་སྲིད་དེ། དཔེར་ན། འཁྱགས་ཟས་མང་པོ་ཟ་བ་དང་། དྲོད་སྙོམ་རླུང་སྒོ་འབྱེད་པའམ་དགོང་མོ་ཉལ་ཁར་ཉལ་ཐུལ་མི་གོན་པ། ནངས་དགོང་ལ་བྱིས་པའི་ལྭ་བ་ཇེ་མཐུག་ཏུ་གཏོང་བར་དོ་སྣང་མི་བྱེད་པ། ཆུར་རྐྱལ་ཐེངས་མང་བ། བྱིས་པར་གཙང་སྦྲ་མི་བྱེད་པ་སོགས་ཚང་མ་ནི་ནད་སློང་བའི་རྒྱུ་རྐྱེན་རེད།
ཆམ་ནད་དང་མིག་སྐྱིའི་གཉན་ཚད་དེ་ནད་ཆུང་ཆུང་ཞིག་ཏུ་བརྩི་མི་རུང་།
ཆམ་ནད་དང་མིག་སྐྱིའི་གཉན་ཚད་དེ་ནད་ཆུང་ཆུང་ཞིག་ཏུ་བརྩི་བ་དེ་མི་རྣམས་ལ་ནད་རིགས་ལ་ངོས་འཛིན་གསལ་བོ་མེད་པའི་རྐྱེན་རེད། ང་ཚོས་ཤེས་པ་ནི། ཆམ་ནད་མང་པོ་ཞིག་ནད་དུག་གིས་བསླངས་བ་དང་། རྒྱུན་དུ་ལུས་འཁྱགས་པ་དང་ཆར་ནང་དུ་ལུས་པ་སོགས་ལས་བྱུང་བ་རེད། མི་དར་མར་ཆམ་ནད་བྱུང་ན་དེ་ནི་ནད་ཆུང་ཆུང་ཞིག་ཏུ་བརྩིས་ཆོག་མོད། འོན་ཀྱང་བྱིས་པའི་དབུགས་ལམ་མ་ལག་དང་ལུས་སྟོབས་དེ་མི་དར་མ་ལས་ཞན་པས། ཆམ་ནད་ཕོག་ཚེ་གློ་ཡུའི་ཡན་ལག་གི་གཉན་ཚད་དང་གློ་ཚད་བཅས་འབྱུང་སླ་ལ། ད་དུང་དུས་ཐོག་ཏུ་གསོ་བཅོས་མ་བྱས་ཚེ་ཁྲག་སྲིན་དུག་མཆེད་ཀྱི་ནད་དང་ཁྲག་དུག་གི་ནད་ཚབས་ཆེན་བྱུང་སྟེ་དྲན་མེད་དུ་བརྒྱལ་ནས་སྲོག་ཉེནཆེ་བའི་གནས་སུ་བསྐྱལ་སྲིད། དུས་མཚུངས་སུ་ཆམ་ནད་ཀྱིས་ད་དུང་མཁལ་ཚད་དང་ནད་དུག་རང་བཞིན་གྱི་སྙིང་ཤའི་གཉན་ཚད་སོགས་སློང་སྲིད་པས། འདི་དག་ཐམས་ཅད་ཁྱིམ་བདག་རྣམས་ཀྱིས་ཧ་ཅང་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་རེད།
དེ་ལས་གཞན་པའི་ནད་རིགས་མང་པོ་ཞིག་གི་ཐོག་མའི་ནད་རྟགས་དེ་ཆམ་ནད་ཀྱི་ནད་རྟགས་དང་འདྲ་སྟེ། དཔེར་ན་སྟོན་ཁར་ཁོག་པ་བཤལ་བ་དང་རྐང་ལག་ཁ་ནད། ཁྲག་རྒྱུན་མ་ལག་གི་ནད་རིགས་ཁ་ཤས་དང་མཆིན་ཚད་ཀ་པ་སོགས་ལྟ་བུ་ལ་མི་རྣམས་ཀྱིས་མཉམ་འཇོག་མི་བྱེད་པ་རེད། དེ་བས་བྱིས་པ་ཆམ་ནད་བྱུང་ཚེ། ངེས་པར་དུ་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས། དེ་ལྟར་མ་བྱས་པར་ནད་བབ་འགོར་འགྱངས་སུ་བཏང་ན་ཉེན་ཁ་ཧ་ཅང་ཆེ།
མིག་སྐྱིའི་གཉན་ཚད་ལ་འགོ་བའི་རང་བཞིན་དང་མི་འགོ་བའི་རང་བཞིན་ཅན་གཉིས་ཡོད་ལ། རྒྱུན་དུ་མཐོང་བ་ནི་འགོ་བའི་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་ཡིན་པ་དང་། དེ་གཙོ་བོ་ནད་འབུ་དང་ནད་དུག སྨར་སྲིན། གཞན་བརྟེན་སྲིན་སྒོང་སོགས་ཀྱིས་སློང་སྲིད་པ་དང་། མཁའ་དབུགས་དང་ས་རྡུལ། ཆུ་དང་འབག་བཙོག་བཟོས་པའི་ལག་པ། ལག་ཕྱིས་སོགས་བརྒྱུད་ནས་ཕན་ཚུན་ལ་འགོ་བ་རེད། དེའི་ནད་རྟགས་ནི་མིག་ལ་ན་ཟུག་ལངས་པ་དང་། དམར་པོར་གྱུར་ནས་ཟ་འཕྲུག་ལངས་པ། མིག་ཆུ་བཞུར་བ། འོད་མི་ཐེག་པ། སྐྲངས་པ་སོགས་འབྱུང་། སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཚེ་མིག་སྐྱིའི་གཉན་ཚད་བྱུང་ནས་མིག་དམར་པོར་གྱུར་ཡོད་པ་རེད། གལ་ཏེ་ནད་བབ་ཚབས་ཆེན་ཡིན་ན་ད་དུང་རྨེན་མདུད་སྐྲངས་པ་དང་མིག་ལྕིབས་སྐྲངས་སྲིད། རིགས་མི་འདྲ་བའི་མིག་སྐྱིའི་གཉན་ཚད་སྣ་ཚོགས་གསོ་བཅོས་བྱས་རྗེས་སྤྱིར་ནད་བག་ཅི་ཡང་མི་འབྱུང་མོད། འོན་ཀྱང་དེ་དང་མཉམ་དུ་ཟུར་སྐྱིའི་ཚ་ནད་བྱུང་ན་བྱིས་པའི་མིག་ཤུགས་ལ་གནོད་པ་ཐེབས་སྲིད། དེ་བས་མིག་སྐྱིའི་གཉན་ཚད་ལའང་ལོ་ན་གཞོན་པའི་ཕ་མ་རྣམས་ཀྱིས་སྣང་ཆུང་གཏན་ནས་བྱེད་མི་རུང་།
སྟོན་ཁར་ཁོག་པ་བཤལ་བ་དེ་དུས་ནམ་ཞིག་ལ་འབྱུང་བ་ཡིན།
སྟོན་ཁར་ཁོག་པ་བཤལ་བ་དེ་སྤྱིར་ལོ་རེའི་ཟླ་བཅུ་བའི་ནང་འབྱུང་བ་དང་། ཟླ་བཅུ་གཅིག་པར་འབྱུང་ཚད་ཆེས་མཐོ་བའི་སྐབས་ཡིན། སྨན་ཁང་དུ་སྟོན་དུ་ཡོང་བའི་ནད་པ་མང་ཆེ་བ་ཁོག་པ་བཤལ་བ་ཅུང་ཡང་མོའི་སྐོར་ཡིན་ལ། དབྱར་ཁ་དང་ཅུང་འདྲ་བ་རེད།
སྟོན་ཁར་བྱིས་པའི་ཁོག་པ་བཤལ་བ་དེར་རྟགས་གང་ཞིག་ཡོད་པ་དང་ནད་དེ་ཚབས་ཆེན་ཡིན་ནམ་ཞེ་ན།
སྟོན་ཁར་བྱིས་པའི་ཁོག་པ་བཤལ་བ་དེ་རྒྱུན་དུ་རེད་པའི་འཁོར་དབྱིབས་ནད་དུག་གིས་བསླངས་པ་དང་། ལོ་ན་ཇི་ལྟར་ཆུང་ན་ནད་འབྱུང་ཚད་དེ་ལྟར་མཐོ་བ་དང་ནད་བབ་དེ་ལྟར་ལྗིད། བྱིས་པར་སྟོན་ཁ་དང་དགུན་ཁར་ཁོག་པ་བཤལ་བ་དེའི་ཐོག་མའི་ནད་རྟགས་ནི་སྣ་ཆུ་བཞུར་བ་དང་། ལུ་བ། ཚ་རྒྱག་པ། མིད་ཐག་ན་བ་སོགས་ཆམ་ནད་ཀྱི་ནད་རྟགས་འབྱུང་སྲིད་པ་དང་། ཉིན་རེར་རྩ་ཐེངས་འགར་གཏོང་དགོས་པར་མ་ཟད། ད་དུང་སྐྱུག་པ་དང་། གསུས་པ་ན་བས་ཕོ་རྒྱུའི་རང་བཞིན་གྱི་ཆམ་ནད་དུ་འཁྲུལ་སླ། སྟོན་ཁར་ཁོག་པ་བཤལ་བ་དེར་དུས་ཚིགས་རང་བཞིན་མངོན་གསལ་ཡིན་པ་དང་། ནད་དེ་མྱུར་མོར་འབྱུང་ཞིང་ལུས་དྲོད་ཅུང་མཐོ་བ་དང་རྩ་གཏོང་གྲངས་མང་། སྐབས་འགར་ཐ་ན་ཉིན་གཅིག་ལ་རྩ་ཐེངས་བཅུ་རེར་གཏོང་དགོས་པའང་ཡོད་ཅིང་དེའང་ཆུ་ལྟར་གཏོང་བ་ཡིན། རྩ་ལ་རྫས་འགྱུར་གྱིས་བརྟག་དཔྱད་བྱས་ཚེ་རྒྱུན་ལྡན་ཡིན་པའམ་ཁྲག་རིལ་དཀར་པོ་ཅུང་འདྲེས་པ་ཡིན། བསྟུད་མར་ཁོག་པ་བཤལ་བ་དང་སྐྱུག་པ། ཡི་ག་མེད་པ་བཅས་ཀྱི་དབང་གིས་བྱིས་པར་ཚད་མི་འདྲ་བའི་ལུས་ཆུ་ཟད་པའི་སྣང་ཚུལ་འབྱུང་སླ། ཚབས་ཆེ་ན་གློག་འབྱེད་རྫས་འཁྲུགས་སྲིད་པ་དང་ད་དུང་དེ་ལས་ཀྱང་ཚབས་ཆེ་ན་མཉམ་སྒྲིལ་ཀླད་སྐྱིའི་གཉན་ཚད་འབྱུང་བ་དང་ཁྲག་འབུད་པ། རྒྱུ་མ་ལྟེབ་ཆུད་དམ་ནད་དུག་རང་བཞིན་གྱི་སྙིང་ཤའི་གཉན་ཚད་བྱུང་ནས་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད།
སྟོན་ཁར་བྱིས་པའི་ཁོག་པ་བཤལ་བ་དེ་ཇི་ལྟར་སྔོན་འགོག་བྱེད་དགོས།
སྟོན་ཁར་བྱིས་པའི་ཁོག་པ་བཤལ་བ་དེའི་འགོ་ལམ་གཙོ་བོ་ནི་འཇུ་བྱེད་མ་ལག་བརྒྱུད་ནས་འགོ་བ་དང་། འཁོར་དབྱིབས་ནད་དུག་དེ་གཙོ་བོར་ཟས་རིགས་ཀྱི་ནང་དུ་ཡོད་ཕྱིར། ཟ་མ་ཟ་སྐབས་སེམས་ཆུང་བྱེད་དགོས་ཤིང་ཟ་མ་མ་ཟོས་གོང་དང་སྤྱོད་ཁང་དུ་བུད་རྗེས་ལག་པ་བཀྲུ་བའི་གོམས་སྲོལ་ལོབས་སུ་འཇུག་དགོས་པ་དང་། ངོ་བོ་འགྱུར་ཟིན་པའི་ཟས་རིགས་དང་འབག་བཙོག་ཐེབས་པའི་ཟས་རིགས། ཉིན་ཞག་འགོར་བའི་ཟས་རིགས་མི་ཟ་བ་དང་། བྱིས་པ་རློན་ནུར་ནུ་མ་བསྣུན་པའི་སྐབས་ཀྱི་གཙང་སྦྲར་མཉམ་འཇོག་བྱེད་དགོས་པ་དང་ནུ་ཁུག་དང་ཁེམ་བུ་སོགས་བཀོལ་སྤྱོད་མ་བྱས་པའི་སྔོན་དང་བཀོལ་སྤྱོད་བྱས་རྗེས་ཆུ་ཁོལ་ནང་དུ་གདུས་ནས་གཙང་མར་བཀྲུ་དགོས། རབ་ཡིན་ན་ཉིན་རེར་ཆུ་ཁོལ་གྱིས་དུག་སེལ་ཐེངས་རེ་བྱེད་དགོས་ཤིང་བྱིས་པའི་རྩེད་སྤྱད་ལའང་རྒྱུན་དུ་དུག་སེལ་བྱེད་དགོས།
བྱིས་པའི་ཕོ་བ་དྲོན་པོ་བྱེད་དགོས་པ་དང་དགོང་མོ་ཉལ་ཁར་ཡང་བྱིས་པར་ཉལ་ཐུལ་འགེབ་དགོས།
འཁོར་དབྱིབས་ནད་དུག་དེ་འཇུ་བྱེད་མ་ལག་དང་དབུགས་ལམ་མ་ལག་བརྒྱུུད་ནས་ཕན་ཚུན་ལ་འགོ་བ་ཡིན་པས། མི་མང་འདུ་ཚོགས་ཆེ་སར་འགྲོ་མི་རུང་། དུས་རྒྱུན་དུ་ཕྱི་རོལ་ཏུ་སོང་ནས་ལུས་ཕུང་སྦྱོང་བརྡར་བྱེད་པར་དོ་སྣང་བྱས་ནས་ལུས་སྟོབས་ཇེ་བཟང་དུ་གཏོང་དགོས་པ་དང་། གཉིད་ཀྱིས་འདང་བར་བྱེད་པ། ཟས་ཀྱི་འཚོ་བཅུད་ཐད་ལ་མཉམ་འཇོག་བྱས་ནས་སིལ་ཏོག་དང་སྔོ་ཚོད་གསར་བའི་རིགས་མང་ཙམ་ཟ་བ་དང་ཆུ་ཁོལ་མང་དུ་འཐུང་དགོས། ལུས་ཁམས་ཀྱི་རིམས་འགོག་ནུས་པ་ཇེ་མཐོར་བཏང་བར་བརྟེན་ནས་དབུགས་ལམ་མ་ལག་གི་འགོ་ནད་ལས་ཐར་པ་དང་འཁོར་དབྱིབས་ནད་དུག་འགོ་བ་ཇེ་ཉུང་དུ་གཏོང་དགོས། གལ་ཏེ་བྱིས་པར་འཁོར་དབྱིབས་ནད་དུག་འགོས་ནས་ཁོག་པ་བཤལ་ཚེ། འོ་མའི་མངར་ཆ་དང་བུ་རམ་མེད་པའི་འོ་ཕྱེ་འཐུང་དགོས་ཏེ། དཔེར་ན་ཚོང་རར་བཙོང་བཞིན་པའི་བཤལ་འགོག་འོ་མ་ལྟ་བུ་འཐུང་དགོས་ལ། མངར་ཆ་ལྡན་པའི་འོ་ཕྱེ་དང་སྐོམ་ཆུའི་རིགས་གཏན་ནས་འཐུང་མི་རུང་། དེ་ལྟར་མ་བྱས་ཚེ་ཁོག་པ་བཤལ་བ་དེ་ཇེ་ཐུར་འགྲོ་ངེས། ཅུང་ནར་སོན་ཡོད་པའི་བྱིས་པར་འབྲས་ཁུ་བླུད་ནའང་ཆོག
དུས་ཚིགས་བརྗེ་བའི་སྐབས་སུ་ལོ་གཞོན་ཕ་མ་རྣམས་ཀྱིས་བྱིས་པའི་བདེ་ཐང་ལ་ལྷག་ཏུ་མཉམ་འཇོག་བྱེད་དགོས་ཤིང་། འབྲེལ་ཡོད་ཀྱི་བདེ་ཐང་ཤེས་བྱར་རྒྱུས་ལོན་ཟབ་མོ་བྱས་ནས་ནད་རིགས་སྔོན་འགོག་བྱེད་དགོས་ལ། གལ་ཏེ་བྱིས་པར་མི་བདེ་བའི་ཚོར་སྣང་ཡོད་ན་མྱུར་དུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་དགོས་པ་མ་གཏོགས། རང་དགར་སྨན་ཉོས་ནས་བླུད་དེ་ནད་བབ་འགོར་འགྱངས་སུ་གཏོང་མི་རུང་།
སྟོན་མགོ་ཚུགས་པའི་སྐབས་སུ་བྱིས་པའི་ནད་རིགས་ཇི་ལྟར་སྔོན་འགོག་བྱེད་དགོས།
གཅིག སྟོན་ཁའི་དུས་ཚིགས་འདིར་བྱིས་པ་དྲོས་འཁྱགས་སུ་འགྲོ་སླ་བ་དང་། དེས་ཆམ་ནད་དང་དབུགས་ལམ་མ་ལག་གི་ནད་རིགས་སློང་སླ་བར་མ་ཟད། ད་དུང་ཕོ་རྒྱུའི་མ་ལག་གི་ནད་རིགས་ཀྱང་སློང་སྲིད་དེ། དཔེར་ན་སྟོན་ཁར་ཁོག་པ་བཤལ་བ་ལྟ་བུ་རེད། དེ་བས་དུས་ཚིགས་འདིར་བྱིས་པའི་ལུས་ཕུང་འཁྱགས་སུ་འཇུག་མི་རུང་།
གཉིས། སྟོན་ཁར་ནམ་ཟླ་སྐམ་ཤས་ཆེ་བས་བྱིས་པར་སྣ་ཁྲག་བཞུར་བ་དང་ལུ་བ་སོགས་འབྱུང་ངེས། དེ་བས་བྱིས་པའི་ཟ་མར་འཚོ་བཅུད་ལྡན་དགོས་པའི་དུས་མཚུངས་སུ། བྱིས་པར་ཆུ་ཁོལ་མང་པོ་འཐུང་དུ་འཇུག་དགོས་པ་དང་ཟས་སྐམ་དང་ཁ་ཚ་བའི་ཟས་རིགས་ཉུང་ཙམ་ཟ་བ། སྔོ་ཚོད་དང་སིལ་ཏོག་གི་རིགས་མང་ཙམ་ཟ་བ། ཁང་བའི་ནང་དྲོད་སྙོམ་རླུང་སྒོ་ཉུང་ཙམ་འབྱེད་པའམ་བརླན་ཆས་སོགས་བཀོལ་དགོས།
གསུམ། ཚོར་ལོག་རང་བཞིན་གྱི་ནད་བྱུང་ཡོད་པའི་བྱིས་པས་ས་རྡུལ་དང་ཟེའུ་རྡུལ་སོགས་ལ་འཛེམས་དགོས། བྱིས་པར་མཁའ་དབུགས་གསར་བ་རྔུབ་ཏུ་འཇུག་པ་དང་ལུས་ཕུང་སྦྱོང་བརྡར་བྱེད་དུ་བཅུག་ནས་རིམས་འགོག་ནུས་པ་ཇེ་བཟང་དུ་གཏོང་དགོས།
བཞི། དུས་ཚིགས་འདིར་བྱིས་པར་མྱུར་བའི་རང་བཞིན་གྱི་འབྲུམ་ཐོར་གྱི་ནད་འབྱུང་ཚད་ཅུང་མཐོ་བས། ལོ་གཞོན་ཕ་མ་རྣམས་ཀྱིས་དེར་མཉམ་འཇོག་བྱེད་དགོས་དེ། དེའི་ནད་རྟགས་གཙོ་བོ་ནི་ཚ་རྒྱག་པ་དང་ལུས་དྲོད་ཏུའུ་གྲངས་སོ་དགུ་ནས་བཞི་བཅུ་ཡས་མས་སུ་འབུད་པ་དང་ཐ་ན་ཏུའུ་གྲངས་བཞི་བཅུའི་ཡན་ལ་འབུད་པའང་ཡོད། ཚ་རྒྱག་པ་ལས་གཞན་ད་དུང་ནད་རྟགས་ཅི་ཡང་མེད་པས་ནོར་འཁྲུལ་འབྱུང་སླ། སྤྱིར་བྱིས་པར་ཚ་བརྒྱབ་རྗེས་པགས་འབྲུམ་འབྱུང་བ་དང་དེ་དང་བསྟུན་ནས་ཚ་ཞི་ཞིང་འབྲུམ་ཐོར་བྱུང་ནས་ནད་ཀྱང་དྲག་འགྲོ་བ་རེད། གསོ་བཅོས་བྱེད་སྐབས་ནད་བསྟུན་སྨན་བཅོས་དགོས།
ལོ་ཙཱ་བ། འབྲུག་མོ།