རྒན་པ་རྣམས་ཀྱིས་འཚོ་བཅུད་དོ་མཉམ་མིན་པའི་སྣང་ཚུལ་ལ་མཉམ་འཇོག་བྱ་འོས།
2020.09.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གྱུར་བ་དང་བསྟུན་ནས་བཀྲེས་ལྟོགས་ཞེས་པའི་ཐ་སྙད་དེ་ང་ཚོ་དང་རིང་ནས་རིང་དུ་གྱེས་ཡོད། འོན་ཀྱང་ལྟོ་རྒྱགས་པ་ཙམ་གྱིས་ལུས་སྟེང་དུ་མཁོ་བའི་འཚོ་བཅུད་བསྐངས་ཡོད་པའི་ངེས་པ་མེད། དེ་ཡང་གསལ་བོར་བཤད་ན། འཚོ་བཅུད་སྡུད་ལེན་བྱས་ཚད་མི་འདང་བའམ་འཚོ་བཅུད་དོ་མཉམ་མ་ཡོང་ན་མང་བཟའ་མང་འཐུང་བྱས་ཀྱང་ཕན་མི་ཐོགས།   ལོ་རྒས་པ་དང་བསྟུན་ནས་རྒན་པ་རྣམས་ཀྱི་ཟས་ཟ་མའི་ཡི་ག་དང་འཇུ་སྟོབས་སོགས་ཇེ་ཞན་དུ་འགྱུར་སྲིད་པས། ལུས་སྟེང་དུ་འཚོ་རྒྱུ་དོ་མཉམ་མིན་པའི་གནས་ཚུལ་འབྱུང་ཚད་ལྷག་ཏུ་མངོན་གསལ་ཡིན། དེ་བས་ཕྱོགས་དེར་རྒན་པ་རྣམས་ཀྱིས་མཉམ་འཇོག་བྱ་འོས།  དལ་བའི་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་རྒན་པ་རྣམས་ལ་མཚོན་ན་འཚོ་བཅུད་དོ་མཉམ་མིན་པའི་སྣང་ཚུལ་དེས་ནད་བབ་ཇེ་ལྗིད་དུ་གཏོང་སྲིད་དེ། དཔེར་ན། གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་པའི་ནད་པས་བཟའ་བཏུང་ཐད་རྒྱུན་པར་ཚོད་འཛིན་བྱས་ཡོད་ཅིང་། ཕོ་རྒྱུའི་ནུས་པ་ཉམས་པ། དེའི་ཁར་ད་དུང་ཁྲག་མངར་མར་འབབ་བྱེད་ཀྱི་སྨན་རྫས་བསྟེན་བཞིན་ཡོད་པས། དེ་དག་གིས་ལུས་སྟེང་དུ་འཚོ་རྒྱུ་བེ་ཧྲིན་སུའུB12དཀོན་པའི་སྣང་ཚུལ་འབྱུང་དུ་བཅུག་པར་མ་ཟད། ལུས་སྟེང་དུ་འཚོ་བཅུད་དོ་མཉམ་མིན་པའི་སྣང་ཚུལ་ལྷག་ཏུ་འབྱུང་སླ་བར་བཟོ་སྲིད།

གཅིགའཚོ་རྒྱུ་ཀལ་དང་འཚོ་རྒྱུ་བེ་ཧྲིན་སུའུDགཉིས་ཁ་གསབ་བྱེད་དགོས།

རྒན་པ་མང་ཆེ་བ་ཞིག་ལོ་རྒས་པ་དང་བསྟུན་ནས་ལུས་སྒུར་ཞིང་གཟུགས་གཞི་ཇེ་ཐུང་དུ་འགྱུར་བཞིན་པ་དེ་ནི། རུས་སོབ་ནད་ཀྱི་མངོན་རྟགས་གཙོ་བོ་ཞིག་ཡིན་ལ། དེ་ལས་ཀྱང་ཚབས་ཆེ་བ་ནི་རུས་སོབ་ནད་བྱུང་བ་དང་བསྡོངས་ནས་རུས་ཆག་བྱུང་སྟེ་ཤི་རྨས་ཚབས་ཆེན་ཐེབས་བཞིན་ཡོད། དེར་བརྟེན། རུས་པའི་སྟུག་ཚད་སྲ་བརྟན་དུ་གཏོང་བ་དང་རུས་སོབ་འབྱུང་བར་སྔོན་འགོག་བྱེད་རྒྱུ་ནི་རྒན་པ་རྣམས་ཀྱི་བདེ་ཐང་དང་འབྲེལ་བའི་དོན་བྱ་གལ་ཆེན་ཞིག་ཡིན།

རྒན་པ་རྣམས་ལ་འཚོ་རྒྱུ་ཀལ་དཀོན་པ་དེར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ཀལ་རྒྱུ་འདུས་པའི་བཟའ་བཏུང་བསྟེན་ཚད་མ་འདང་བ་དང་། གཉིས་ནི་ལུས་ཕུང་གིས་ཀལ་རྒྱུ་སྡུད་ལེན་བྱེད་ཚད་ཇེ་ཞན་དུ་གྱུར་བ་དེ་རེད། འོ་མ་ནི་ཆེས་ལེགས་པའི་ཀལ་རྒྱུའི་འབྱུང་ཁུངས་ཡིན་མོད། ཡིན་ནའང་རྒན་པ་ལ་ལར་དཔལ་འབྱོར་གྱི་ཆ་རྐྱེན་ནམ་བདེ་ཐང་གི་འདུ་ཤེས་ཞན་པས། ཉིན་རྒྱུན་འོ་མ་འཐུང་བའི་གོམས་སྲོལ་མེད་པ་རེད།

འཚོ་རྒྱུ་བེ་ཧྲིན་སུའུDནི་ཀལ་སྡུད་ལེན་བྱེད་པར་ཕན་པའི་དངོས་རྫས་གལ་ཆེན་ཞིག་ཡིན་མོད། རྒན་པ་རྣམས་སྒོ་ཕྱི་རོལ་དུ་འགྲོ་ཚད་ཉུང་བས་ལུས་སྟེང་དུ་ཉི་འོད་ཕོག་ཚད་ཀྱང་དེ་བཞིན་དུ་ཉུང་བ་རེད། དེའི་ཁར་རྒྱུ་ལམ་གྱི་འཇུ་བྱེད་ནུས་པ་ཇེ་ཞན་དུ་གྱུར་ཡོད་པས། རྒན་པ་རྣམས་ལ་ཡོངས་ཁྱབ་ཀྱིས་འཚོ་རྒྱུ་བེ་ཧྲིན་སུའུDདཀོན་པའི་སྣང་ཚུལ་བྱུང་བ་རེད།

གཉིས། སྤུས་ལེགས་སྤྲི་དཀར་རིགས་མང་པོ་སྡུད་ལེན་བྱེད་དགོས།

མི་རྒས་ན་རྐང་ཤུགས་སྔོན་ལ་ཉམས་འགྲོ་བས། རྒན་པ་རྣམས་འགྲོ་དུས་གོམ་འགྲོས་འཁྱོར་ཞིང་དལ་བ་དེ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་བརྩི་མོད། དོན་དངོས་སུ་དེ་ནི་ཤ་གྲིམ་ཉམས་རྒུད་དུ་གྱུར་བའི་རྟགས་ཤིག་རེད། ལུས་སྟེང་གི་ཤ་གྲིམ་རིམ་བཞིན་ཉམས་རྒུད་དུ་གྱུར་བ་དེ་ནི་ཤ་གྲིམ་དང་སྤྲི་དཀར་རྫས་མཉམ་འདྲེས་ཡོང་བར་དོ་མཉམ་ཤོར་བས་རྐྱེན་རེད། དེར་བརྟེན། རྒན་པ་ཚོས་སྤུས་ལེགས་སྤྲི་དཀར་རྫས་མང་པོ་ཁ་གསབ་བྱེད་རྒྱུར་དོ་སྣང་བྱེད་དགོས།

ཤ་དང་སྒོ་ང་། ཉ་ཤ། འོ་མ། སྲན་མ་སོགས་ཀྱི་ནང་དུ་སྤུས་ལེགས་སྤྲི་དཀར་རྫས་མང་པོ་འདུས་ལ། གལ་ཏེ་དཀར་ཟས་ཁོ་ནར་བསྟེན་པའི་མི་ཞིག་ཡིན་ཚེ། སྲན་མའི་རིགས་བཟའ་ཚད་ཉུང་ན་སྤུས་ལེགས་སྤྲི་དཀར་རྫས་ཀྱིས་མི་འདང་བའི་སྣང་ཚུལ་འབྱུང་སླ།  རྩི་ཤིང་རིགས་ཀྱི་བཟའ་བཅའི་ཁྲོད་ལྕགས་རྒྱུའི་གྲུབ་ཆ་མང་པོ་འདུས་མོད། སྔོ་ཚོད་ཀྱི་ཁྲོད་དུ་ལྕགས་རྒྱུའི་གྲུབ་ཆ་སྡུད་ལེན་བྱེད་ཚད་དེ་ཤའི་རིགས་ལས་ཤིན་ཏུ་དམའ་བས། དུས་ཡུན་རིང་བོར་དཀར་ཟས་ལ་བསྟེན་པའི་མིར་ལྕགས་རྒྱུའི་གྲུབ་ཆས་མ་འདང་བ་ལས་བྱུང་བའི་ཁྲག་ཞན་པའི་སྣང་ཚུལ་འབྱུང་སྲིད།

གསུམ། ཟས་རིགས་སྣ་མང་བསྟེན་དགོས།

རྒན་པ་རྣམས་ཀྱིས་འཚོ་བཅུད་དོ་མཉམ་མིན་པའི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱེད་ན། གཙོ་བོར་བདེ་ཐང་གི་བཟའ་བཏུང་བསྟེན་ཚུལ་གྱི་གོམས་གཤིས་ཆགས་པར་བྱས་ནས། ཟས་རིགས་སྣ་མང་བསྟེན་པ་དང་།  བཟའ་བཏུང་ལུགས་མཐུན་ཡོང་བ། འབྲུ་རིགས་དང་ཞོག་ཁོག སྔོ་ཚོད། སིལ་ཏོག བྱ་ཤ་དང་ཉ་ཤའི་རིགས། སྒོ་ང་། འོ་མ། སྲན་མའི་རིགས་བཅས་བསྟེན་ཚུལ་དོ་མཉམ་ཡོང་བར་ཁག་ཐེག་བྱེད་དགོས་པར་མ་ཟད། ད་དུང་སྣུམ་དང་ཚྭའི་རིགས་ཚོད་འཛིན་སྒོས་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས། དུས་མཚུངས་སུ་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་དང་བསྟུན་ནས་འཚོ་བཅུད་ཁ་གསབ་བྱེད་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་གིས་འདོན་སྤྲོད་བྱས་པ་ཡིན།》

ལོ་ཙཱ་བ། འབྲུག་མོ།