“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱིས་མཐོ་སྒང་སྨན་བཅོས་ཀྱི་རྣམ་པ་གསར་བ་བཏོད།
2020.09.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 23

“པེ་ཅིན་གྱི་བོད་སྐྱོར་སྨན་པའི་རྗེས་སུ་འབྲངས་ན་ཤེས་བྱ་མང་པོ་ཤེས་ཐུབ། ངའི་དགེ་རྒན་དང་པོ་ཀུང་ཞའོ་ཧྥེང་གིས་ང་ལ་རུས་ནད་ཚན་ཁག་གི་གཤགས་བཅོས་ཆུང་ངུའི་སྐོར་བསླབས་བྱུང་བས། ནད་ཐོག་སྨན་བཅོས་ལ་ཕན་འབྲས་ཆེན་པོ་འདུག ད་སྐབས་ངས་གཤགས་བཅོས་ཆུང་ངུའི་ལག་རྩལ་བྱང་ཆུབ་པའི་ངང་བཀོལ་སྤྱོད་ཐུབཅེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རུས་ནད་ཚན་ཁག་གི་སྨན་པ་བློ་བཟང་ཆོས་འཕེལ་གྱིས་བཤད།

བློ་བཟང་ཆོས་འཕེལ་གྱིས་ད་ལོར་ཡང་བསྐྱར་པེ་ཅིན་གྱི་བོད་སྐྱོར་སྨན་པ་དབྱང་ཅེ་དགེ་རྒན་དུ་བསྟེན་ཞིང་། ཁོང་ནི་པེ་ཅིན་ཅི་ཧྲོས་ཐན་སྨན་ཁང་གི་སྨན་པ་ཡིན་ལ།ལྷ་ས་གྲོང་ཁྱེར་དུ་ཡོང་ནས་ཟླ་བ་གཅིག་ཙམ་ལས་འགོར་མེད། བློ་བཟང་ཆོས་འཕེལ་འདུས་པའི་བོད་རང་སའི་སྨན་པ་དག་ལ་མཛུབ་སྟོན་དང་སྣེ་ཁྲིད་བྱས་ནས།ནད་པ་བཅུ་ལྷག་གཤགས་བཅོས་བྱས་ཏེ་བོད་ལྗོངས་སུ་བྱིས་པའི་རུས་ནད་ཚན་ཁག་གི་ཆེད་ལས་ནད་བརྟག་སྨན་བཅོས་ཀྱི་སྟོང་ཆ་བསྐངས་པ་རེད།

ཉིས་སྟོང་བཅོ་ལྔ་ལོར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དངོས་སུ་བསྒྲུབས་པར་བརྟེན། དེ་སྔོན་སྨན་བཅོས་བོད་སྐྱོར་དུས་ཐུང་དང་ཐར་ཐོར་ཡིན་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

བློ་བཟང་ཆོས་འཕེལ་དང་འདྲ་བར་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་མིག་དམར་ལའང་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན། ན་ནིང་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྙིང་རྩ་འགག་པའི་ནད་པ་ཞིག་ལ་ལྟ་སྐབས་ནད་བབ་ཉེན་ཁ་ཆེ་ཕྱིར་གང་མགྱོགས་སྒོས་གཤགས་བཅོས་བྱེད་དགོས་པས། མིག་དམར་གྱིས་ཚོགས་པའི་སྣེ་ཁྲིད་ནས་ནད་པར་པྲོག་དབྱིབས་འཕར་རྩ་གྲིབ་བཟོའི་བརྟག་དཔྱད་བྱས་ཁར་འདེགས་སྒྲོམ་འཇུག་པའི་གཤགས་བཅོས་བྱས་ཏེ་ཕན་འབྲས་མངོན་གསལ་བླངས།

མིག་དམར་གྱིས“བོད་སྐྱོར་སྨན་བཅོས་དགེ་རྒན་སླེབས་རྗེས།  ང་ཚོ་ཐོག་མར་རོགས་འདེགས་བྱེད་མཁན་ནས་དེང་སྐབས་རང་ཉིད་སྒྲུབ་མཁན་དུ་ཡར་རྒྱས་བྱུང་བ་དང་། ཐད་ཀའི་གྲུབ་འབྲས་ནི་རང་སའི་ལག་རྩལ་གྱི་ཚད་བརྒལ་ཡིན་ལ་དེ་ནི་བོད་སྐྱོར་དགེ་རྒན་ཚོའི་ལོ་མང་རིང་གི་འབད་བརྩོན་ལ་རག་ལས་ཡོད”ཅེས་བཤད།

རང་ས་གནས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་དུས་མཚུངས་སུ་ཁ་གཏད་བོད་སྐྱོར་སྨན་ཁང་ཁག་གིས་རང་སོ་སོའི་རིག་ཚན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས“སྨན་ཁང་གིས་ཚན་ཁག་འགན་ལེན”གྱི་རྣམ་པ་བརྒྱུད། སྙིང་ཁམས་ཁྲག་རྩའི་ཚན་ཁག་དང་། བུད་མེད་དང་བུ་སྐྱེ་ཚན་ཁག བྱིས་ནད་ཚན་ཁག རུས་ནད་ཚན་ཁག་སོགས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་དང་འཚམ་པའི་ཚན་ཁག་བཙུགས་ནས་རོགས་སྐྱོར་དང་ལེན་སྨན་ཁང་གི་ཚན་ཁག་སུམ་བརྒྱ་དང་གོ་ལྔ་ཟིན་པ་དང་། གཞི་རྩའི་ཆ་ནས་སྣ་ཁ་འཛོམས་ཤིང་གཞི་ཁྱོན་ཆེ་བའི་ཚན་ཁག་གི་མ་ལག་ཅིག་གྲུབ་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་བྱས་ནས་ལོ་ལྔའི་རིང་། བོད་ཁུལ་དུ་སྨན་བཅོས་ཤེས་ལྡན་པ་བརྒྱད་བརྒྱ་དང་ཞེ་གཅིག་ཡོང་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་མ་ཟད། “ཚོགས་པས་ཚོགས་པའི་སྣེ་འཁྲིད་པ”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་འཁྲིད་པ” “དགེ་རྒན་གྱིས་སློབ་མའི་སྣེ་འཁྲིད་པ”བཅས་ཀྱི་ལམ་སྲོལ་ལ་བརྟེན་ནས་སྨན་བཅོས་ཚོགས་པ་བདུན་བརྒྱ་ཉེར་གཅིག་དང་རང་ས་གནས་ཀྱི་སྨན་བཅོས་མི་སྣ་ཉིས་སྟོང་སོ་གཅིག་ཙམ་ལ་རོགས་ཁྲིད་བྱས་པ་དང་། སྨན་བཅོས་རྐང་འཛིན་པ་བཞི་སྟོང་ཙམ་གསོ་སྐྱོང་བྱས་པ། རོགས་སྐྱོར་དང་ལེན་སྨན་ཁང་གི་སྨན་པ་ཆིག་བརྒྱ་གོ་གཉིས་ཀྱིས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་རིགས་གཅིག་ནས་གཉིས་བྱེད་ཐུབ་པ། “ནད་ཆེན་པོའི”རིགས་སུམ་བརྒྱ་དང་དོན་གཅིག་རང་སྐྱོང་ལྗོངས་ནས་གསོ་བཅོས་བྱེད་ཐུབ་པ་དང“ནད་འབྲིང་བོའི”རིགས་ཉིས་སྟོང་སུམ་བརྒྱ་དོན་གསུམ་གྲོང་ཁྱེར(ས་ཁུལ)ནས་གསོ་བཅོས་བྱེད་ཐུབ་ལ། རྒྱུན་མཐོང་གི“ནད་ཆུང་ངུ”ཁག་གཅིག་རྫོང་རིམ་པའི་སྨན་ཁང་ནས་གསོ་བཅོས་བྱེད་ཐུབ་པ་བཅས་མངོན་འགྱུར་བྱུང་ཡོད། ནང་ལོག་གི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྲུབ་འབྲས་ཁག་ཆིག་སྟོང་རེ་གཅིག་ཙམ་ཡོངས་སུ་ནང་འདྲེན་བྱས་པ་དང་། འགག་སྒྲོལ་གྱི་ལག་རྩལ་དཀའ་གནད་རིགས་ཆིག་སྟོང་སུམ་བརྒྱ་དང་ལྔ་ཙམ་ཟིན་པ། མཉམ་འབྲེལ་སྒོས་རེ་ཞུ་བྱས་པའི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཚན་ཞིབ་རྣམ་གྲངས་བརྒྱད་བརྒྱ་དང་ང་གཉིས་ཡོད་པ། ས་ཁོངས་ཀྱི་སྨན་བཅོས་ལག་རྩལ་གྱི་སྟོང་ཆའི་ཁག་ཆིག་སྟོང་ལྔ་བརྒྱ་ཞེ་གཅིག་བསྐངས་པ་རེད།

གཙོ་གནད་ཚན་ཁག་བཙུགས་པ་དང་རང་ས་གནས་ཀྱི་སྨན་བཅོས་མི་སྣའི་ལག་རྩལ་མཐོར་འདེགས་བྱུང་བ་ལས་བོད་རང་སའི་སྨན་ཁང་གི་བརྟག་བཅོས་ནུས་པ་ཐད་ཀར་ཆེ་རུ་སོང་ཡོད། ཉིས་སྟོང་བཅུ་དགུ་ལོའི་བར་བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)རིམ་པ་གཉིས་ཀྱི་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱས་ཚད་དང་། སྨན་ཁང་དུ་ཞག་སྡོད་བྱས་ཚད། གཤགས་བཅོས་བྱས་ཚད་བཅས་ལོ་ལྔའི་སྔོན་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་གཅིག་བདུན་དང་། བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་ཐིག་ལྔ། བརྒྱ་ཆའི་དོན་དྲུག་དང་གྲངས་ཆུང་གཅིག་དགུ་བཅས་འཕར་ཡོད།

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྐལ་བཟང་གཡུ་སྒྲོན་གྱིས། ལོ་ལྔའི་རིང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་ཁུར་བའི་ཞིང་ཆེན་བདུན་གྱིས་ཁྱོན་བསྡོམས་པས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་བཏང་ནས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མི་དམངས་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ། ཚན་ཞིབ་སློབ་ཁྲིད་སོགས་ཀྱི་རྣམ་གྲངས་ཐད་སྤྱད་ཡོད། དེ་དང་ཆབས་ཅིག་རིམ་ཁག་གི་ནོར་སྲིད་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་ཞེ་གཅིག་བསྡུ་སྒྲིག་བྱས་ནས་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྨན་བཅོས་སྒྲིག་ཆས་ཆེ་གྲས་ཉོ་སྒྲུབ། མི་སྣ་གསོ་སྦྱོང་སོགས་ཀྱི་ཐད་སྤྱད་ཡོད་ཅེས་བཤད། 

རྩོམ་སྒྲིག་པ། འབྲུག་མོ།