རྒྱུན་དུ་བགད་ན་ཚེ་ཐག་ཇེ་རིང་དུ་འགྲོ་བར་ཕན།
2020.10.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

མི་རྣམས་ཀྱིས་རྒྱུན་དུ“གདོང་ལ་འཛུམ་གྱིས་ཕྱུག་ན། ལོ་བཅུ་ཇེ་ཆུང་དུ་འགྲོ”བར་བཤད་པས། རྒྱུན་དུ་བགད་ན་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད་པ་སྟེ། ཉེ་ཆར། སུའེ་ཙེར་པ་སེར་སློབ་ཆེན་གྱིས་སྤེལ་བའི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན། དགོད་པའི་ཚད་ལས་དགོད་པའི་གྲངས་ཀྱིས་སེམས་ཁམས་བདེ་ཐང་ཐད་ཐེབས་པའི་ཤུགས་རྐྱེན་ཧ་ཅང་ཟབ་པས། རྒྱུན་དུ་བགད་ན་ཚེ་ཐག་རིང་པོ་ཡོང་བར་ཕན་པ་ཡོད།

དུས་རྒྱུན་འཚོ་བའི་ཁྲོད་ཀྱི་དགོད་པ་དང་གནོན་ཤུགས་བར་གྱི་འབྲེལ་བར་ཞིབ་དཔྱད་བྱེད་ཆེད། པ་སེར་སློབ་ཆེན་སེམས་ཁམས་རིག་པའི་སྡེ་ཁག་གི་ནད་ཐོག་སེམས་ཁམས་རིག་པ་དང་མཆེད་ནད་རིག་པའི་ཞིབ་འཇུག་ཚོགས་ཆུང་གི་འབུམ་རམས་ཞིབ་འཇུག་པ་འགས་སློབ་གྲྭའི་ནང་ནས་ཆ་སྙོམས་ལོ་ཚོད་ཉེར་གཉིས་ཅན་གྱི་སེམས་ཁམས་རིག་པའི་སློབ་མ་ཞེ་གཅིག་བསྡུས་ཏེ། དུས་ཡུན་ཉིན་བཅུ་བཞིའི་རིང་གི་རྗེས་འདེད་བཅར་འདྲི་བྱས་པ་དང་། བཅར་འདྲི་དང་ལེན་མཁན་གྱིས་ཉིན་རེར་ལག་ཁྱེར་ཁ་པར་སྟེང་གི་སྐད་འཕྲིན་དྲི་བ་བརྒྱད་ལ་ལན་འདེབས་དགོས་པ་སྟེ། དཔེར་ན་དགོད་དོན་ཅི་ཡིན་པ་དང་། བརྩི་བཀུར་རང་བཞིན་གྱི་འཛུམ་ཙམ་བྱེད་པའམ་སྐད་གསང་མཐོན་པོས་དགོད་པ། ཡང་ན་མིག་ཆུ་བཞུར་རག་བར་དུ་ཤུགས་ཀྱིས་དགོད་པ་སོགས་ཀྱི་དྲི་བར་ལན་འདེབས་དགོས་པར་མ་ཟད། ཉིན་དེར་འཕྲད་པའི་གནད་དོན་དང་གནོན་ཤུགས་ཀྱིས་ལུས་ཁམས་ལ་ཐེབས་པའི་འགྱུར་ལྡོག་རྒྱས་བཤད་བྱེད་དུ་བཅུག་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། མི་རྣམས་ཉིན་རེར་ཆ་སྙོམས་ཀྱིས་ཐེངས་བཅོ་བརྒྱད་ལ་དགོད་ཀྱིན་ཡོད་པ་དང་། འཛུམ་མདངས་དེ་དག་ནི་ཕལ་ཆེར་མི་གཞན་པ་དང་བསམ་བློ་བརྗེ་རེས་བྱས་པ་ལས་ཐོབ་པ་རེད། བུད་མེད་རྣམས་ནི་སྐྱེས་པ་ལས་དགོད་རྒྱུར་དགའ་བས། རྒྱུན་དུ་བགད་ན་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་བཏང་ནས་སེམས་ཁམས་ཇེ་སྐྱིད་དུ་འགྲོ་བར་ཕན་པ་ཡོད།

གོང་གི་ཞིབ་འཇུག་དེས་ང་ཚོར་དྲན་སྐུལ་བྱས་པ་ནི།“དྲང་ཕྱོགས་ཀྱི་ནུས་པ”དར་སྤེལ་བྱས་ན་མི་གཞན་ལ་སྤྲོ་བ་སྦྱིན་ཐུབ་པར་མ་ཟད། རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ཡོང་བར་ཡང་ཕན་པ་ཡོད་པས། རྒྱུན་དུ་གདོང་ལ་འཛུམ་གྱིས་ཕྱུག་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

རྩོམ་སྒྲིག་པ། འབྲུག་མོ།