སྤྱི་ཚོགས་ལ་འབྲེལ་འདྲིས་ཉུང་བའི་བུད་མེད་རྣམས་ལ་ཚོ་འབུད་སླ་བ་རེད།
2020.10.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

ཁ་ན་ཏའི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན། སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་ཚད་ཉུང་བའི་བུད་མེད་རྣམས་ལ་ཚོ་འབུད་སླ་བའི་རྒྱུ་མཚན་ནི་འགུལ་སྐྱོད་བྱས་པ་ཉུང་བའི་རྐྱེན་ཁོ་ན་མ་ཡིན་པར་སྐད་ཆ་བཤད་རྒྱུ་ཉུང་བའི་རྐྱེན་ཡང་རེད།

ཁ་ན་ཏ་དབྱིན་ཇིའི་ཁོངས་གཏོགས་ཀོ་ལུན་པི་ཡ་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པ་ཞིག་གིས་རྒྱལ་ཡོངས་ཀྱི་རྒན་རྒོན་ལ་ཕྱོགས་པའི་གཞུང་ཕྱོགས་ཞིབ་འཇུག་ལས་གཞིའི་གཞི་གྲངས་བེད་སྤྱད་དེ། ལོ་ཞེ་ལྔ་ནས་གྱ་ལྔའི་བར་གྱི་མི་ཁྲི་ཚོ་གཉིས་དང་སྟོང་བརྒྱད་ཀྱི་སྤྱི་ཚོགས་འབྲེལ་འདྲིས་གནས་ཚུལ་དང་། སྤྱི་ཚོགས་འབྲེལ་འདྲིས་ལས་རྐེད་འཁོར་དང་ལུས་པོའི་ལྗིད་ཚད་སོགས་ལ་ཐེབས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཁེར་རྐྱང་དུ་སྡོད་པའམ་ཡང་ན་བཟའ་ཟླ་ཚེ་ལས་འདས་པ། གཉེན་འཐོར་བ། བཟའ་ཟླ་ཁ་ཁར་སྡོད་པ་སོགས་བུད་མེད་ཀྱི་ཁྲོད་དུ། སྤྱི་ཚོགས་བྱ་འགུལ་ནང་ཞུགས་ཚད་ཉུང་བའི་མི་ལ་ཚོ་འབུད་ཚད་ཧ་ཅང་མཐོ་ལ། ཁེར་རྐྱང་དུ་བསྡད་ཡོད་པར་མ་ཟད་ལས་ཀར་ཞུགས་པ་ལས་སྤྱི་ཚོགས་བྱ་འགུལ་གཞན་པ་གང་ལའང་མི་ཞུགས་པའི་མི་ལ་ཚོ་འབུད་ཚད་ཆེས་མཐོ་བ་རེད། དེ་དང་བསྡུར་ན་སྐྱེས་པ་རྣམས་ལས་ཚོ་འབུད་ཚད་མཐོ་བ་ནི་བཟའ་ཟླ་ཚེ་ལས་འདས་པའམ་ཡང་ན་སྤྱི་ཚོགས་འབྲེལ་འདྲིས་བྱེད་ཚད་ཆེས་མཐོ་བའི་མི་རེད། ཞིབ་འཇུག་པས་བལྟས་ན། སྤྱི་ཚོགས་འབྲེལ་འདྲིས་ཀྱིས་ལུས་པོའི་ལྗིད་ཚད་ལ་ཐེབས་པའི་ཤུགས་རྐྱེན་ཐད་ནས་སྐྱེས་པ་དང་བུད་མེད་ལ་ཁྱད་པར་ཡོད་པའི་རྒྱུ་མཚན་ནི། སྤྱི་ཚོགས་ཀྱི་ལས་བགོས་མི་འདྲ་བའི་དབང་གིས་བྱུང་བ་རེད། སྐྱེས་པ་རྣམས་ལ་མཚོན་ན། སྤྱི་ཚོགས་ཀྱི་འབྲེལ་འདྲིས་ཆེན་མོར་དོ་དམ་བྱེད་པ(མགོ་ཁྲིད་དང་མཉམ་དུ་འགྲུལ་བ་སྣེ་ལེན་བྱེད་པ་སོགས)དེ་ནི་གནོན་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པས་ལུས་པོར་ཚོ་འབུད་པ་དང་། དེ་ལས་ལྡོག་སྟེ་བུད་མེད་ལ་མཚོན་ན། ཁྱིམ་མི་ལྷན་དུ་འཛོམས་པ་དང་ཡང་ན་བློས་ཐུབ་ཀྱི་གྲོགས་མོ་འགའ་དང་མཉམ་དུ་བསྡད་དེ་ཁ་བརྡ་གློད་པ་ནི་སེམས་ཁམས་སྐྱིད་པོ་དང་ལྷོད་པོ་ཡོང་བའི་ཐབས་ལམ་བཟང་པོ་ཞིག་རེད། ཞིབ་འཇུག་སྙན་ཞུ་དེ《སྤྱི་པའི་ཚན་རིག་དཔེ་མཛོད་ཁང་གི་ཕྱོགས་བསྡུས་དུས་དེབ》སྟེང་འགོད་སྤེལ་བྱས་ཡོད།

ཞིབ་འཇུག་འབྲས་བུ་དེས་ཚོ་འབུད་པར་གསོ་བཅོས་བྱེད་པའི་ཐད་མཛུབ་སྟོན་གྱི་ནུས་

པ་གལ་ཆེན་ལྡན་པ་དང་། སྨན་བཅོས་མི་སྣས་བཟའ་ཟླ་མེད་པའི་བུད་མེད་ལ་གསོ་བཅོས་བྱེད་སྐབས། བདེ་ཐང་གི་བཟའ་བཏུང་ལ་དོ་སྣང་བྱེད་པ་དང་ལུས་སྦྱོང་འོས་འཚམ་བྱེད་དུ་འཇུག་དགོས་པར་མ་ཟད། སྤྱི་ཚོགས་བྱ་འགུལ་ནང་ཞུགས་ཚད་ཇེ་མང་དུ་གཏོང་བའི་ཕྱོགས་སུ་བསམ་བློ་གཏོང་དགོས། །

རྩོམ་སྒྲིག་པ། འབྲུག་མོ།