མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་བྱུང་ཚེ། གཤམ་གྱི་ཉེན་ཁ་ཆེན་པོ་འདི་དག་ལ་མཉམ་འཇོག་གང་ལེགས་བྱེད་དགོས།
2020.10.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30

མིག་སྔར། འཛམ་གླིང་ཡོངས་སུ་གཅིན་སྙིའི་ནད་བྱུང་བའི་བུད་མེད་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དགུ་ལྷག་ཡོད་ཅིང་། དེའི་ནང་གི་ལྔ་ཆའི་གཉིས་ཙམ་ནི་བྱིས་པ་སྐྱེས་རན་པའི་ལོ་ཚོད་ནང་གི་བུད་མེད་དར་མ་ཡིན་ཞིང་། བདུན་ཆའི་གཅིག་ཙམ་ལ་མངལ་སྦྲུམ་པའི་ཤུགས་རྐྱེན་ལས་བྱུང་བ་རེད། དེས་ན་གཅིན་སྙིའི་ནད་ཀྱིས་སྦྲུམ་མར་ཤུགས་རྐྱེན་ག་འདྲ་ཐེབས་སྲིད་པ་དང་། མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་བྱུང་ཚེ་ཇི་ལྟར་གསོ་བཅོས་བྱེད་དགོས་ཤེ་ན།

མངལ་སྦྲུམ་པའི་སྐབས་ཀྱི་གཅིན་སྙིའི་ནད་ལ་མངལ་མ་སྦྲུམ་སྔོན་དུ་བྱུང་བའི་གཅིན་སྙིའི་ནད་དང་མངལ་སྦྲུམ་པའི་སྐབས་ཀྱི་གཅིན་སྙིའི་ནད་བཅས་རིགས་གཉིས་འདུ། དེ་ལས་མངལ་སྦྲུམ་པའི་སྐབས་ཀྱི་གཅིན་སྙིའི་ནད་ནི་ཡན་གར་གནས་པའི་གཅིན་སྙིའི་ནད་ཀྱི་རིགས་ཤིག་ཡིན་ཞིང་། ང་ཚོས་རྒྱུན་པར་ངོས་འཛིན་བཞིན་པའི་རིགས་དང་པོའམ་རིགས་གཉིས་པའི་གཅིན་སྙིའི་ནད་དང་མི་མཚུངས་པར། དེ་ནི་མངལ་སྦྲུམ་པའི་སྐབས་སུ་ད་གཟོད་འབྱུང་བ་ཡིན།

སྦྲུམ་མར་གཤམ་གྱི་ཤུགས་རྐྱེན་ཆེན་པོ་འདི་དག་བྱུང་ན་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་།

གཅིག མངལ་ཤོར་བ། ཁྲག་མངར་མཐོ་བ་ལས་སྦྲུམ་བུའི་འཚར་སྐྱེས་ལ་གནོད་པ་བཟོ་བ་དང་ཐ་ན་སྦྲུམ་བུ་འཆི་རུའང་འཇུག་སྲིད། མངལ་ཤོར་ཚད་བརྒྱ་ཆའི་བཅོ་ལྔ་ནས་བརྒྱ་ཆའི་སུམ་ཅུའི་ཙམ་རེད།

གཉིས། མངལ་སྦྲུམ་པའི་སྐབས་སུ་ཁྲག་ཤེད་མཐོ་བའི་ནད་རིགས་ཀྱི་འབྱུང་ཚད་དེ་གཅིན་སྙིའི་ནད་མེད་པའི་སྦྲུམ་མ་དང་བསྡུར་ན་ལྡབ་གཉིས་ནས་བཞི་ཙམ་གྱིས་མཐོ།

གསུམ། ཁྲག་མངར་ལ་ཚོད་འཛིན་ལེགས་པོ་བྱེད་མ་ཐུབ་པའི་སྦྲུམ་མར་རེད་པའི་ནད་རིགས་འབྱུང་སླ། རེད་པ་ལས་གཅིན་སྙིའི་ནད་ཇེ་སྡུག་ཏུ་གཏོང་སྲིད་པར་མ་ཟད། ཐ་ན་ཐོན་ནད་སྐྱུར་དུག་ཕོག་པ་སོགས་མྱུར་བའི་རང་བཞིན་གྱི་བསྡོངས་ཟླའི་ནད་ཀྱང་སློང་སྲིད།

བཞི། མགོ་ཆུ་མང་དྲགས་པ། མགོ་ཆུ་མང་དྲགས་པའི་གནས་ཚུལ་དེ་ཡང་གཅིན་སྙིའི་ནད་མེད་པའི་སྦྲུམ་མ་དང་བསྡུར་ན་ལྡབ་བཅུ་ཙམ་གྱིས་འབྱུང་ཚད་མཐོ་བ་རེད།

ལྔ། ལུས་བོངས་ཆེ་བའི་བྱིས་པ་སྐྱེས་པ། ལུས་བོངས་ཆེ་བའི་བྱིས་པ་སྐྱེས་ཚད་ཀྱང་མངོན་གསལ་གྱིས་ཇེ་མཐོར་འགྲོ་བ་དང་། བྱིས་པ་སྐྱེས་དཀའ་བ་དང་། སྐྱེ་ལམ་ལ་གནོད་པ་ཐེབས་པ། གསུས་སྐྱི་གཤགས་ནས་བྱིས་པ་སྐྱེས་པའི་ཚད་བཅས་ཀྱང་ཇེ་མཐོར་འགྲོ་སྲིད། ལུས་བོངས་ཆེ་བའི་བྱིས་པ་སྐྱེས་ཚད་བརྒྱ་ཆའི་ཉེར་ལྔ་ནས་བརྒྱ་ཆའི་ཞེ་གཉིས་ཙམ་ལ་སླེབས་སྲིད།

དྲུག གཅིན་སྙིའི་ནད་ཀྱི་ཐོན་ནད་སྐྱུར་དུག མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་བྱུང་མྱོང་བའི་བུད་མེད་ཀྱིས་ཡང་བསྐྱར་མངལ་སྦྲུམ་སྐབས། གཅིན་སྙིའི་ནད་ཡང་བསྐྱར་འབྱུང་ཚད་བརྒྱ་ཆའི་སོ་གསུམ་ནས་བརྒྱ་ཆའི་རེ་དགུ་ཙམ་རེད། མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་བྱུང་བའི་བུད་མེད་བརྒྱ་ཆའི་བདུན་ཅུའི་ཡན་ལ་མངལ་སྦྲུམ་རྗེས་ཀྱི་ལོ་ཉེར་གཉིས་ནས་ལོ་ཉེར་བརྒྱད་ཀྱི་ནང་དུ་ནད་དེ་རིགས་གཉིས་པའི་གཅིན་སྙིའི་ནད་དུ་འགྱུར་སྲིད་ཅིང་སྦྲུམ་བུར་ནད་དེ་འབྱུང་ཚད་ཇེ་མཐོར་འགྲོ་སྲིད།

བདུན། སྦྲུམ་བུ་ལ་གཅིན་སྙིའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། མངལ་སྦྲུམ་པའི་སྐབས་སུ་སྦྲུམ་མར་གཅིན་སྙིའི་ནད་བྱུང་ཚེ་སྦྲུམ་བུ་ལ་ཤུགས་རྐྱེན་ཐེབས་སྲིད་དེ། དེ་ཡང་བྱིས་པའི་དུས་སྐབས་དང་དར་མའི་དུས་སྐབས་སུ་གཅིན་སྙིའི་ནད་དང་ལུས་ལ་ཚོ་འབུད་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། སྦྲུམ་བུ་ཡ་མ་གཟུགས་སུ་འགྱུར་ཚད་དེ་རྒྱུན་ལྡན་གྱིས་མངལ་སྦྲུམ་པ་དང་བསྡུར་ན་ལྡབ་བདུན་ནས་ལྡབ་བཅུ་ཙམ་རེད། སྦྲུམ་བུ་དེ་མའི་མངལ་དུ་འཚར་སྐྱེས་འབྱུང་ཚད་ལ་ཤུགས་རྐྱེན་ཐེབས་ཚད་བརྒྱ་ཆའི་ཉེར་གཅིག་ཙམ་རེད། བྱིས་པ་རློན་ནུའི་དབུགས་འབྱིན་རྔུབ་ཀྱི་གཟིར་གནོན་ཕྱོགས་བསྡུས་ནད་རྟགས་འབྱུང་ཚད་ཀྱང་ཇེ་མཐོར་འགྲོ་སྲིད། བྱིས་པ་བཙས་རྗེས་ཚད་མཐོ་བའི་ཤན་གླིང་རྒྱུའི་ནད་རྟགས་དེ་ད་དུང་གནས་པས། གལ་ཏེ་དུས་ཐོག་ཏུ་མངར་ཆ་ཁ་གསབ་མ་བྱས་ཚེ། ཁྲག་མངར་དམའ་བའི་ནད་རྟགས་འབྱུང་སྲིད་ཅིང་། ཚབས་ཆེ་དུས་ད་དུང་བྱིས་པའི་ཚེ་སྲོག་ལའང་ཉེན་ཁ་བཟོ་སྲིད།

མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་བྱུང་ཚེ་ཟས་ཐུན་ཇེ་མང་དང་ཟ་ཚད་ཇེ་ཉུང་དུ་གཏོང་དགོས།

སྦྲུམ་མ་དང་སྦྲུམ་བུའི་ནུས་ཚད་ཀྱི་དགོས་མཁོར་ཁག་ཐེག་བྱེད་དགོས་པ་དང་། ད་དུང་ཁྲག་མངར་དེ་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་སྲུང་འཛིན་བྱེད་དགོས་པར་མ་ཟད། ལྟོགས་སྐོམ་རང་བཞིན་གྱི་ཐོན་ནད་འབྱུང་དུ་མི་འཇུག་པའི་ཆེད་དུ། ཁྲག་མངར་གྱི་ཚད་དམའ་བའི་མངར་ཆུའི་འདྲེས་སྦྱོར་དངོས་རྫས་བདམས་ནས་ཟས་ཐུན་ཇེ་མང་དང་ཟ་ཚད་ཇེ་ཉུང་དུ་བཏང་སྟེ་ཉིན་རེར་ཟས་ཐུན་ལྔ་ནས་དྲུག་རེར་ཇེ་མང་དུ་གཏོང་དགོས། མངལ་སྦྲུམ་པའི་སྐབས་ཀྱི་སྦྲུམ་མའི་འགུལ་སྐྱོད་དམ་ལུས་སྦྱོང་བྱེད་ཐབས་ནི་དབྱང་དབུགས་ལྡན་པའི་འགུལ་སྐྱོད་བྱེད་དགོས་ཏེ། དཔེར་ན། འཆམ་འཆམ་དུ་འགྲོ་བ་དང་། ཡུས་ཅ་སྦྱོང་བ། ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་བྱས་ན་འཚམས། དེ་ལས་ལྡོག་སྟེ་རྒྱུགས་པ་དང་ལྒང་ལི་རྩེད་པ་སོགས་དྲག་པོའི་ལུས་སྦྱོང་བྱེད་མི་རུང་། ཉིན་རེར་ཆེས་ཉུང་ནའང་ལུས་སྦྱོང་ཐེངས་རེ་བྱེད་དགོས་པ་དང་། ལུས་སྦྱོང་དེའང་སྤྱིར་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀ་ནས་དུས་ཚོད་གཅིག་ཙམ་འགོར་རྗེས་བྱེད་དགོས་ཤིང་ལུས་སྦྱོང་བྱེད་ཚད་ཀྱང་དུས་ཡུན་སྐར་མ་ཉི་ཤུ་ནས་སུམ་ཅུ་ཙམ་ཡིན་ན་འོས་ཤིང་འཚམས་པ་ཡིན།  ལྟོ་སྟོང་ངམ་ཟ་མ་མ་ཟོས་གོང་གི་ཁྲག་མངར་དང་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་གཅིག་ནས་དུས་ཚོད་གཉིས་ཙམ་འགོར་རྗེས་སུ་ཁྲག་མངར་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས། ཆ་རྐྱེན་འཛོམས་ཚེ་ཉིན་རེར་ཐེངས་བཞི་ནས་ཐེངས་དྲུག་ཙམ་ལ་ལྟ་ཞིབ་ཚད་ལེན་བྱས་ན་བཟང་།

མངལ་སྦྲུམ་པའི་སྐབས་ཀྱི་གཅིན་སྙིའི་ནད་ལ་ཚོད་འཛིན་བྱེད་པའི་ཚད་གཞི་ནི།མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་ལ་ཚོད་འཛིན་བྱེད་ན་ཐད་ཀར་ཁྲག་མངར་མར་འབབ་བྱེད་ཀྱི་སྨན་མི་འཐུང་བར། བཟའ་བཏུང་ལ་བརྟེན་ནས་ཁྲག་མངར་ཚོད་འཛིན་བྱེད་དགོས་ཤིང་། གལ་ཏེ་བཟའ་བཏུང་གིས་ཚོད་འཛིན་བྱེད་མི་ཐུབ་ཚེ། སྨན་པའི་ངག་བཀོད་ལྟར་ཤན་གླིང་རྒྱུའི་གསོ་བཅོས་བྱེད་ཐབས་སྤྱད་ཆོག ཁྲག་ཤེད་དེ་མཐོ་བ་བརྒྱ་དང་སུམ་ཅུ་དང་དམའ་བ་བརྒྱད་ཅུའི་མན་དུ་ཚོད་འཛིན་བྱེད་དགོས། ཟླ་ངོ་གསུམ་རེའི་ནང་དུ་མཁལ་མའི་ནུས་པ་དང་། མིག་དང་ཁྲག་ཚིལ་ལ་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས།

མངལ་སྦྲུམ་པའི་སྐབས་སུ་སྔ་མོ་ནས་གཅིན་སྙིའི་ནད་བྱུང་ཡོད་མེད་དེ་ཇི་ལྟར་ཤེས་དགོས་ཤེ་ན།

ཨ་མེ་རི་ཁའི་གཅིན་སྙིའི་ནད་ཀྱི་མཐུན་ཚོགས་ཀྱིས། ཉེན་ཁའི་རྒྱུ་རྐྱེན་ཆེན་པོ་ལྡན་པའི་སྦྲུམ་མས་ཐེངས་དང་པོར་བརྟག་དཔྱད་བྱེད་དུས། ཕྱོགས་ཡོངས་ནས་རིགས་གཉིས་པའི་གཅིན་སྙིའི་ནད་ལ་བརྟག་དཔྱད་བྱེད་དགོས། ཐེངས་དང་པོར་བརྟག་དཔྱད་བྱེད་དུས་གཅིན་སྙིའི་ནད་མེད་པའི་སྦྲུམ་མས། གཟའ་འཁོར་ཉེར་བཞི་ནས་ཉེར་བརྒྱད་ཀྱི་ནང་དུ་གཅིན་སྙིའི་ནད་བྱུང་ཡོད་མེད་ལ་ཡང་བསྐྱར་བརྟག་དཔྱད་བྱེད་འོས། མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་བྱུང་ཡོད་པའི་སྦྲུམ་མས་བྱིས་པ་བཙས་རྗེས་ཀྱི་གཟའ་འཁོར་དྲུག་ནས་གཟའ་འཁོར་བཅུ་གཉིས་ཀྱི་ནང་དུ་གཅིན་སྙིའི་ནད་ལ་བརྟག་དཔྱད་བྱེད་དགོས་པ་དང་། རྗེས་ཕྱོགས་མ་མཐའ་ཡང་ལོ་གསུམ་རེའི་ནང་དུ་གཅིན་སྙིའི་ནད་ལ་བརྟག་དཔྱད་ཐེངས་རེ་བྱེད་དགོས། མངལ་སྦྲུམ་པའི་སྐབས་སུ་གཅིན་སྙིའི་ནད་བྱུང་མྱོང་བའི་བུད་མེད་ལ། གལ་ཏེ་ནད་གཞི་དེ་རྗེས་སུ་རིམ་གྱིས་ཇེ་ཐུར་གྱུར་ནས་གཅིན་སྙིའི་ནད་ཀྱི་ཆེས་ཐོག་མའི་དུས་རིམ་གྱི་རྣམ་པར་གནས་ཡོད་ཚེ། ཟས་སྤྱོད་ཀྱིས་གསོ་བཅོས་བྱེད་པའམ་ཡང་ན་སྨན་རྫས་ལ་བརྟེན་ནས་གསོ་བཅོས་བྱེད་དགོས་པའི་བསམ་འཆར་བཏོན་ཡོད། །

ལོ་ཙཱ་བ། འབྲུག་མོ།