མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་ཐད་ཀྱི་ད་ལྟའི་གནས་ཚུལ།
2020.10.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

མཚོ་སྔོན་ཞིང་ཆེན་ནི་ཐུམ་འབུའི་ནད་འབྱུང་ཚད་ཆེས་མཐོ་བའི་ས་ཁུལ་ཡིན་པའི་ཆ་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུམ་འབུའི་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་མཐོང་ཆེན་ཆེན་པོ་བྱེད་ཀྱིན་ཡོད། ཉིས་སྟོང་དྲུག་ལོར་རྒྱལ་ཁབ་ཀྱིས《2006-2015ལོའི་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་རིགས་འགོག་བཅོས་འཆར་འགོད》འགྲེམ་སྤེལ་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་འགོ་ཁྲིད་པའི་ཐུམ་འབུའི་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བའི་མཆན་བཀོད་མཛུབ་སྟོན་སྐོར་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་དང་། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་གཏོང་ཤུགས་རྒྱ་བསྐྱེད་པ། ཞིབ་བཤེར་ཆེན་པོའི་མི་ཚོགས་ཇེ་མང་དུ་གཏོང་བ། སྨན་བཅོས་སྲོག་སྐྱོབ་ལ་ཤུགས་སྣོན་བྱེད་པ། མགོ་ཁུངས་ནས་སྔོན་འགོག་དང་ཚོད་འཛིན་ལ་དོ་སྣང་བྱེད་པ་སོགས་ནས་མགོ་བརྩམས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བ་དམ་འཛིན་བྱས། ཉིས་སྟོང་དྲུག་ལོ་ནས་བཟུང་། རང་ཞིང་གིས་སྐོར་ཁག་བགོས་ནས་ཀྲུང་དབྱང་གིས་ས་གནས་སྤྱི་པའི་འཕྲོད་བསྟེན་ལ་ཁ་གསབ་རོགས་སྐྱོར་བྱས་པའི་ཆེད་སྤྱོད་མ་དངུལ་བཀོལ་ནས་ཐུམ་འབུའི་ནད་འགོག་བཅོས་ལས་གཞི་ལག་བསྟར་བྱས་ཤིང་། ད་ལྟ་ཁུལ་དྲུག་དང་གྲོང་ཁྱེར་གཉིས། རྫོང་སོ་དགུ་ལ་ཁེབས་ཡོད་པར་མ་ཟད། ཞང་གྲོང་སུམ་བརྒྱ་ང་ལྔ་དང་སྲིད་འཛིན་སྡེ་བ་སྟོང་བཞི་དོན་དགུ། མི་གྲངས་ས་ཡ་བཞི་དང་འབུམ་བརྒྱད་ཙམ་ལ་ཕན་ཐོགས་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་ནད་དེ་འབྱུང་ཚད་མངོན་གསལ་སྒོས་ཇེ་དམར་སོང་ནས།  ཐུམ་འབུའི་ནད་དེ་ཞིང་ཆེན་ཡོངས་སུ་མཆེད་པའི་གནས་བབ་ཚོད་འཛིན་ལེགས་པོ་བྱུང་ཡོད།

ཐུམ་འབུའི་ནད་དེ་ཇི་ལྟར་འགོས་པ་ཡིན།

ཁྱི་ནི་ཐུམ་འབུའི་ནད་ཀྱི་མཆེད་ཁུངས་གཙོ་བོ་ཡིན་ཞིང་། དེའི་འཕྲོར་ད་དུང་ཝ་དང་སྤྱང་ཀི་སོགས་རེད། ནད་འབུ་དེ་ཁྱི་དང་ཝ་སོགས་ཀྱི་ཁོག་པའི་ནང་དུ་གནས་ཤིང་། ཚད་ངེས་ཅན་ཞིག་འགོར་རྗེས་སྲོག་ཆགས་དེ་དག་གི་བྲུན་དང་མཉམ་དུ་ཕྱིར་ཕུད་པའི་ནད་འབུའི་འབུ་ཕྲུག་མང་པོས་ཁོར་ཡུག་ལ་བརྫད་སྐྱོན་བཏང་འགྲོ་བ་རེད། ནད་འབུའི་འབུ་ཕྲུག་དེ་དག་ང་ཚོའི་མིག་གིས་མཐོང་མི་ཐུབ་ཅིང་། དེས་ས་ཐོག་དང་རྩྭ་ཐང་། ཆུ་མགོ སྔོ་ཚོད་བཅས་ལ་བརྫད་སྐྱོན་བཟོ་བར་མ་ཟད། ད་དུང་ཁྱི་དང་ཝ་སོགས་ཀྱི་ལུས་ཐོག་ཏུ་བགོས་ནས་གང་སར་མཆེད་དུ་འཇུག་པ་རེད། ང་ཚོ་མིའི་རིགས་ཀྱིས་འབུ་སྒོང་དེ་དག་གིས་བརྫད་སྐྱོན་ཐེབས་པའི་ཆུ་དང་ཟས་རིགས་ཟོས་པའམ་ཡང་ན་ཁྱི་དང་རི་སྐྱེས་སྲོག་ཆགས་ལ་རེག་ཐུག་བྱས་པ་ལས་འགོས་པ་རེད།

ཐུམ་འབུའི་ནད་དེ་ཇི་ལྟར་སྔོན་འགོག་བྱེད་དགོས།

ཐུམ་འབུའི་ནད་ནི་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ་པ་ཞིག་ཡིན། ཧུར་ཐག་སྒོས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་དེ།

1.           ཁྱི་ལ་བདག་སྐྱོང་ནན་མོ་བྱེད་པ།  ཧུར་ཐག་སྒོས་ཁྱིའི་ཁོག་གི་འབུ་འདེད་པའི་གསོ་བཅོས་བྱེད་དགོས། རོང་འབྲོག་ཁུལ་དུ་རབ་ཡིན་ན་ཁྱི་མི་གསོ་བ་དང་གསོ་ཚད་ཇེ་ཉུང་དུ་བཏང་ན་བཟང་། ཁྱིམ་དུ་གསོས་ཡོད་པའི་སྒོ་ཁྱི་ལའང་གང་འདོད་ལྟར་ཤ་རློན་པ་དང་ནང་ཁྲོལ་སོགས་མི་སྟེར་བ་དང་ད་དུང་དུས་ལྟར་སྨན་ལྡུད་དགོས།

2.           བཤས་རར་དོ་དམ་ནན་མོ་བྱེད་དགོས། བཤས་རའི་སྡེ་ཁག་སོ་སོའི་རང་འགུལ་སྒོས་འབྲེལ་ཡོད་སྡེ་ཁག་གི་འཕྲོད་བསྟེན་ལྟ་སྐུལ་དང་ལེན་བྱས་ཏེ། ཐུམ་འབུའི་ནད་ཡོད་པའི་སྲོག་ཆགས་ཀྱི་ནང་ཁྲོལ་དེ་གང་འདོད་དུ་འདོར་བའམ་ཁྱི་ལ་སྟེར་བ་སོགས་མི་བྱེད་པར་ས་འོག་ཏུ་སྦས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། དགུན་ཁ་དང་དཔྱིད་ཀའི་དུས་སུ་ནད་ཀྱིས་ཤི་བའི་ཕྱུགས་ཟོག་གི་ཤའང་ས་འོག་ཏུ་སྦས་པའམ་མེར་བསྲེགས་པ་སོགས་བྱས་ནས་ཐག་གཅོད་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཁྱི་ལྡོམ་དང་སྤྱང་ཀི་སོགས་ཀྱིས་ཟོས་པ་ལས་ནད་དེ་འགོས་ནས་ཕྱིར་མི་དང་སྒོ་ཕྱུགས་ལ་བགོ་སྲིད།

3.           འཕྲོད་བསྟེན་གཙང་སྦྲའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་དགོས། ཁྱི་དང་སྤྱང་ཀི་སོགས་རི་སྐྱེས་ཤ་གཟན་སྲོག་ཆགས་སམ་དེ་དག་གི་བྲིན་གྱིས་བརྫད་པའི་དངོས་རྫས་སོགས་ལ་གང་ནུས་ཀྱིས་རེག་ཐུག་མི་བྱེད་པ། ཟ་མ་མ་ཟོས་གོང་དང་སྤྱོད་ཁང་དུ་བུད་རྗེས་ལག་པ་གཙང་མར་བཀྲུ་བའི་གོམས་གཤིས་ཆགས་སུ་བཅུག་ནས། ནད་རིགས་སྣ་ཚོགས་ཁ་ནས་འགོ་བ་སྔོན་འགོག་བྱེད་དགོས།

4.           འཐུང་ཆུའི་གཙང་སྦྲ་ལེགས་བཅོས་བྱེད་དགོས། མི་ཕྱུགས་གཉིས་ཀས་མཉམ་དུ་སྤྱོད་པའི་བསྐྱིལ་ཆུ་དང་། རྐ་ཆུ་སོགས་ལ་བརྫད་སྐྱོན་འབྱུང་སླ་བས། དེ་དག་གི་གཙང་སྦྲར་དོ་སྣང་བྱེད་དགོས་ལ། རབ་ཡིན་ན་དོང་ཆུ་དང་རང་འབབ་ཆུ་བཀོལ་ན་ལེགས། དུས་མཚུངས་སུ་མི་རྣམས་ཀྱིས་རང་རྟོགས་སྒོས་མཉམ་དུ་ཆུ་མགོ་ལ་སྲུང་སྐྱོབ་བྱས་ནས། ཆུ་ཁུངས་ལ་བརྫད་སྐྱོན་ཐེབས་པར་སྔོན་འགོག་བྱེད་དགོས།

5.           བདེ་ཐང་གི་སློབ་གསོར་ཤུགས་སྣོན་དགོས། བདེ་ཐང་གི་ཤེས་བྱའི་རྨང་གཞི་ཞན་པ་དང་ཟས་སྤྱོད་མི་ལེགས་པ་ནི་ཐུམ་འབུའི་ནད་འགོས་མཆེད་འབྱུང་བའི་རྒྱུ་རྐྱེན་དུ་གྱུར་ཡོད། སྲིད་གཞུང་སྡེ་ཁག་གིས་ཐུམ་འབུའི་ནད་མཆེད་པའི་ས་ཁུལ་དུ་ཤུགས་ཆེན་པོས་ཐུམ་འབུའི་ནད་ཀྱི་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་པ་ལས་གཞན། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཀྱང་ཕན་ཚུན་ལ་རོགས་རམ་དང་སློབ་སྟོན་བྱས་ནས་མང་ཚོགས་ཀྱི་སྔོན་འགོག་དང་ཚོད་འཛིན་ནུས་པ་ཇེ་མཐོར་གཏོང་དགོས། སློབ་འབྲིང་དང་སློབ་ཆུང་གི་སློབ་ཚན་དུ་ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་བདེ་ཐང་སློབ་གསོའི་སློབ་ཁྲིད་བཙུགས་ནས། སློབ་འབྲིང་དང་སློབ་ཆུང་སློབ་མས་ཁྱིམ་བདག་དང་སྤྱི་ཚོགས་ལ་རྒྱ་ཆེར་དྲིལ་སྒྲོག་བྱེད་དུ་འཇུག་དགོས།

ཐུམ་འབུའི་ནད་འགོག་བཅོས་ཐད་དུ་ད་ཡོད་ཀྱི་དམངས་ཕན་སྲིད་ཇུས་གང་དག་ཡོད་དམ།

རང་ཞིང་དུ་ཐུམ་འབུའི་ནད་འགོག་བཅོས་ཀྱི་ལས་གཞི་སྤེལ་བའི་ས་ཁུལ་དུ་དམངས་ཕན་སྲིད་ཇུས་ཀྱི་རྣམ་གྲངས་གསུམ་ཡོད་དེ།

གཅིག་ནི་རྫོང་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ལོ་རེར་རང་ས་གནས་ནས་ཐུམ་འབུའི་ནད་ལ་རིན་མི་ལེན་པར་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ་དགོས། གཉིས་ནི་རྫོང་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པར་རིན་མི་ལེན་པར་སྨན་བཅོས་བྱེད་པ་དང་། སྨན་བསྟེན་པའི་དུས་ཡུན་ལྟར་ཚད་ལྡན་སྒོས་གསོ་བཅོས་བྱེད་དགོས། གསུམ་ནི་ཐུམ་འབུའི་ནད་གཤགས་བཅོས་བྱས་པའི་ནད་པས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་དང་ནད་ལྗིད་མོའི་ཉེན་ཚབ་སོགས་འབྲེལ་ཡོད་ཀྱི་སྨན་རིན་རྩིས་ཞུ་བྱས་རྗེས། ནད་པ་རེ་རེས་ད་དུང་གཤགས་བཅོས་ཀྱི་ཁ་གསབ་སྨན་རིན་ངེས་ཅན་ཞིག་ལོངས་སུ་སྤྱད་ཆོག

ལོ་ཙཱ་བ། འབྲུག་མོ།