རྒྱལ་ཡོངས་ཆེད་ལས་མཁས་ཅན་གྱིས་ཐུམ་འབུའི་ནད་སྔོན་འགོག་དང་དོགས་ཟོན་གྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས།
2020.10.27 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 18

ཀྲུང་གོའི་སྨན་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་ཤིང་། ཆིང་ཧྭ་སློབ་ཆེན་གྱི་ཁོང་གཏོགས་སྨན་ཁང་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་གྱི་ཁོང་གཏོགས་སྨན་ཁང་། “བསམ་པ་གཅིག་མཐུན་སྒོས་ཀྲུང་གོ་མཉམ་གཏོད”ཀྱི་སྤྱི་ཕན་ལས་གཞི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་བའི་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་ཐུམ་འབུའི་ནད་སྔོན་འགོག་དང་དོགས་ཟོན་ལོ་འཁོར་གྱི་ལས་དོན་ཚོགས་འདུ་ཉེ་ཆར་ཟི་ལིང་དུ་འཚོགས་པ་རེད། རྒྱལ་ཡོངས་ས་གནས་སོ་སོ་ནས་ཕེབས་པའི་ཆེད་ལས་མཁས་ཅན་མདོ་དབུས་མཐོ་སྒང་དུ་འཛོམས་ཏེ། ཐུམ་འབུའི་ནད་སྔོན་འགོག་དང་དོགས་ཟོན་གྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་པའི“གཙང་སེལ”བྱ་སྤྱོད་ལ་སྐུལ་འདེད་བཏང་བ་རེད།

ལོ་མང་པོའི་རིང་། ཐུམ་འབུའི་ནད་ཀྱིས་གྲོང་གསེབ་དང་འབྲོག་ཁུལ་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་པར་མ་ཟད། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་མི་ཚོགས་ཀྱི་ནད་གཞི་བརྟག་དཔྱད་དང་། ནད་པ་སྐྱོབ་བཅོས། འགོས་ཁུངས་དོ་དམ་ཚོད་འཛིན། ནུས་པ་མཐོ་རུ་གཏོང་བ་བཅས་ནང་དོན་གཙོ་བོར་བྱས་པའི་ཐུམ་འབུའི་ནད་འགོག་བཅོས་མཁྲེགས་གཏོར་བྱ་སྤྱོད་ལག་བསྟར་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་ལོར་རང་ཞིང་གིས་གྲོང་ཁྱེར་དང་ཁུལ་དེ་འགན་འཁྲི་འཁུར་མཁན་སྡེ་ཚན་དུ་བྱས་ཤིང་། དེ་ལས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་གྱི་ཁོང་གཏོགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་བཅས་ལག་རྩལ་སྟོབས་ཤུགས་གཙོ་བོར་བྱས་ནས་ཡོན་ཧྲི་ཏུང་ཅ་ཧུང་ཚོགས་པ་དང་། ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས། མཉམ་འབྲེལ་མཁོ་སྒྲུབ་འགན་ལེན་དཔུང་སྡེའི་མཚོ་སྐྱོར་སྨན་བཅོས་རུ་ཁག་བཅས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བརྩོན་ལེན་བྱས། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་པ་དང་གཤགས་བཅོས་བྱེད་འདོད་ཡོད་པའི་ཐུམ་འབུའི་ནད་ཕོག་མཁན་ལ་གཅིག་སྡུད་ཐོག་སྨན་བཅོས་བྱས། དགོས་ངེས་ཀྱི་སྐྱོབ་བཅོས་གྲོན་དངུལ་ཁ་གསབ་བྱས་ནས་རང་རེའི་ཞིང་ཆེན་གྱི་དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་རྒྱུར་རོགས་རམ་བྱས་ཡོད།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། ཆིང་ཧྭ་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་གི་ཡོན་ཀྲང་། ཆིང་ཧྭ་སློབ་ཆེན་གྱི་ཁོང་གཏོགས་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཡོན་ཀྲང་། ཀྲུང་གོ་སྨན་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཏུང་ཅ་ཧུང་ད་ལོར་མཚོ་སྔོན་དུ་ཡོང་ཐེངས་ལྔ་པ་ཡིན་ལ། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་སྤྱི་ཕན་མ་དངུལ་གྲབས་གསོག་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ལ་རིན་ཐང་སྒོར་བྱེ་བ་གཅིག་གི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བ་རེད།། 

རྩོམ་སྒྲིག་པ། འབྲུག་མོ།