སྟོན་དགུན་ལ་སློབ་རའི་འགོས་ནད་སྔོན་འགོག་དང་དོགས་ཟོན་ཐད་ཤུགས་སྣོན་དགོས།
2020.10.27 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 17

ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་ཉེ་ཆར་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྟོན་དུས་དང་དགུན་དུས་ཀྱི་འགོ་ནད་སྔོན་འགོག་དང་དོགས་ཟོན་བྱ་བའི་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི(བུ་བཅོལ་ཁང)རིམས་ནད་སྔོན་འགོག་དང་དོགས་ཟོན་དང་བདེ་ཐང་སློབ་གསོའི་བྱ་བ་སྔར་ལས་བཟང་པོར་བསྒྲུབ་རྒྱུའི་ཐད་སླར་ཡང་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་རེ་བ་བཏོན་པ་ལྟར། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི(བུ་བཅོལ་ཁང)གཅིག་ནས་འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་སྔོན་འགོག་དང་དོགས་ཟོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)ཁག་གིས་རིམས་ནད་སྔོན་འགོག་དང་དོགས་ཟོན་བྱ་རྒྱུར་མཐོང་ཆེན་ཧ་ཅང་ཆེན་པོ་བྱ་དགོས། སློབ་གྲྭའི་ནང་གི་འགོས་ནད་སྔོན་འགོག་དང་དོགས་ཟོན་བྱ་བ་བཟང་པོར་བསྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། རང་འགུལ་ངང་འཕྲོད་བསྟེན་སྡེ་ཁག་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། མཉམ་འགུལ་གཞོགས་འདེགས་ལ་ཤུགས་སྣོན་བྱས་ནས་དགེ་སློབ་ཡོངས་ཀྱི་ལུས་ཕུང་བདེ་ཐང་དང་སྟོན་དུས་དང་དགུན་དུས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ།  གཉིས་ནས་སྤྱི་འདོམས་བཀོད་སྒྲིག་ལ་ཤུགས་བསྣན་ནས་ཇུས་གཞིའི་ལམ་ལུགས་བཟོ་དགོས། སློབ་གྲྭའི་སྨན་པ་དང་ལུས་ཁམས་བདེ་སྲུང་དགེ་རྒན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཟ་ཁང་དང་མལ་ཁང་གི་དོ་དམ་དང་། འཕྲོད་བསྟེན་བཅོས་སྒྲིག སློབ་གྲྭའི་དུག་སེལ་སོགས་ཀྱི་བྱ་བ་མུ་མཐུད་དུ་བཟང་པོར་བསྒྲུབས་ནས་འགོས་ནད་བྱུང་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྙན་ཞུ་ལག་བསྟར་བྱས་ཏེ་སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་སྙན་ཞུ། སྔ་མོ་ནས་ལོགས་སུ་བཀར་བ།  སྔ་མོ་ནས་སྨན་བཅོས་བཅས་ཐུབ་པ་བྱེད་དགོས། གསུམ་ནས་བདེ་ཐང་སློབ་གསོར་ཤུགས་སྣོན་བྱས་ནས་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་གཏང་དགོས་ལ། ཐབས་ཤེས་ཅི་རིགས་ལ་བརྟེན་ནས་རིམས་ནད་འགོག་བཅོས་ཀྱི་ཤེས་བྱ་དང་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་རྒྱ་ཁྱབ་ཏུ་དྲིལ་སྒྲོག་དང་ཁྱབ་གདལ་གཏང་དགོས། སློབ་གྲྭའི་བདེ་འཇགས་དང་། འགོས་ནད་འགོག་བཅོས། བཟའ་བཅའི་འཕྲོད་བསྟེན་སོགས་ཀྱི་ནང་དོན་ལ་དམིགས་ནས་སྔོན་འགོག་བྱ་རྒྱུ་གཙོ་གནད་དུ་འཛིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱའི་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ་དགེ་སློབ་ཡོངས་ལ་འགོས་ནད་སྔོན་འགོག་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏང་རྒྱུའི་ཁྲིད་སྟོན་བྱེད་དགོས། སྔོན་འགོག་དང་ཚོད་འཛིན་གྱི་ནུས་རྩལ་ཁོང་དུ་ཆུད་པ། བཞི་ནས་ཁོར་ཡུག་འཕྲོད་བསྟེན་ལ་དོ་སྣང་ཆེན་པོ་བྱས་ཏེ་སློབ་གྲྭའི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས། སློབ་གྲྭའི་ཁོར་ཡུག་གཙང་སྦྲ་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་འགོས་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱ་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། དགེ་སློབ་རྩ་འཛུགས་བྱས་ནས་གཙང་སྦྲ་བྱེད་པའི་བྱ་འགུལ་སྤེལ་ནས། སློབ་མའི་སྤྱོད་ལམ་གོམས་གཤིས་ཀྱི་སློབ་གསོ་དམ་འཛིན་བྱེད་པ་དང་། སློབ་མར་མི་སྒེར་གྱི་འཕྲོད་བསྟེན་དང་འཚོ་བའི་གོམས་གཤིས་བཟང་པོ་ཆགས་པར་སློབ་གསོ་དང་ཁྲིད་སྟོན་དང་། དོགས་ཟོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏང་དགོས་པ་བསྟན།

རྩོམ་སྒྲིག་པ། འབྲུག་མོ།