མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མི་སྣ་གསུམ“ཀྲུང་གོའི་སྨན་པ་བཟང་པོ་དང་ཀྲུང་གོའི་སྨན་ཞབས་པ་བཟང་པོའི”རིམས་འགོག་དམིགས་བསལ་མི་སྣར་བདམས།
2020.11.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི“ཀྲུང་གོའི་སྨན་པ་བཟང་པོ་དང་ཀྲུང་གོའི་སྨན་ཞབས་པ་བཟང་པོའི” རིམས་འགོག་དམིགས་བསལ་མི་སྣ་ཡོངས་བསྒྲགས་བྱེད་པའི་བྱ་འགུལ་ཝུའུ་ཧན་དུ་བསྡུས་ཤིང་། རང་ཞིང་གི་སྨན་བཅོས་མི་སྣ་གསུམ་དེའི་ཁྲོད་དུ་ཚུད་པ་རེད།

མཚོ་སྔོན་སློབ་ཆེན་ཁོང་གཏོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་། ཀྲུའུ་རེན་སྨན་པ་དཀའ་བཅུ་པ། མཚོ་སྔོན་ཞིང་ཆེན་གྱི་ཐེངས་དང་པོར་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་གི་ཡོན་ཀན་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་པའི་ཧྥན་ཧའེ་ཉིན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ནད་སྐྱོང་པུའུ་ཡི་ཀྲུའུ་རེན་གཞོན་པ་དང་། ཀྲུའུ་རེན་གཞོན་པའི་ནད་སྐྱོང་པ། མཚོ་སྔོན་ཞིང་ཆེན་གྱི་ཐེངས་དང་པོར་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་ནད་སྐྱོང་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་པའི་ལོ་མེན་ཆིན མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ནད་སྐྱོང་པུའི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པའི་ནད་སྐྱོང་པ། མཚོ་སྔོན་ཞིང་ཆེན་གྱི་ཐེངས་གཉིས་པར་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པའི་ནད་སྐྱོང་སྨན་བཅོས་རུ་ཁག་གི་ནད་སྐྱོང་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་པའི་དབྱངས་ཅན་མཚོ་བཅས་གསུམ་པོ་མིང་གྲལ་དུ་ཚུད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཡོངས་བསྒྲགས་བྱས་པའི“ཀྲུང་གོའི་སྨན་པ་བཟང་པོ་དང་ཀྲུང་གོའི་སྨན་ཞབས་པ་བཟང་པོའི” རིམས་འགོག་དམིགས་བསལ་མི་སྣ་སུམ་བརྒྱ་བོ་ནི་ཡོངས་ཁྱབ་ངང་འོས་སྦྱོར་དང་། དྲ་ཐོག་ནས་རྒྱབ་སྐྱོར།  ཞིབ་དཔྱད་གྲོས་མོལ་སོགས་ཀྱི་གོ་རིམ་བརྒྱུད་ནས་བདམས་པ་རེད། ཁོ་ཚོའི་ཁྲོད་ཡུལ་དངོས་སུ་སོང་ནས་ཐོག་མར་ནད་དུག་དང་འཐབ་རྩོད་བྱེད་མཁན་གྱི་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་བཅོས་མི་སྣ་ཡོད་ལ། མགྱོགས་མྱུར་ངང་རོགས་སྐྱོར་བྱེད་མཁན་གྱི་ཧུའུ་པེར་རོགས་སྐྱོར་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་རུ་མི་དང་། རྒྱལ་ཡོངས་ས་གནས་ཁག་གི་རིམས་འགོག་འཐབ་ཡུལ་དང་པོ་བརྟན་སྲུང་བྱས་ཏེ་མི་དམངས་ཀྱི་བདེ་ཐང་སྲུང་མཁན་གྱི་སྨན་པའང་ཡོད། ཁོ་ཚོ་དང་རྒྱ་ཆེའི་སྨན་བཅོས་མི་སྣས་མི་དམངས་ལ་ལྷག་བསམ་རྣམ་དག་དང་ཚེ་སྲོག་བརྩི་མཐོང་བྱས་ཏེ་རིམས་ནད་ཁྲོད་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་སྒོས་བསྟུད་མར་འབད་འཐབ་བྱས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་སྨན་པའི་ཀུན་སྤྱོད་བཟང་པོ་ཕྱིར་མངོན་བྱས་པ་རེད།

ལོ་ཙཱ་བ། འབྲུག་མོ།