ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ལས་རྨས་ཉེན་ཚབ་ལས་སྒོའི་གཉེར་སྐྱོང་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》(གཤམ་དུ《སྒྲིག་སྲོལ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས། དེ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་ལས་རྨས་ཉེན་ཚབ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱས་པའི“གཅིག་གྱུར་དྲུག”གི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་མཚོན་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གི་ལས་རྨས་ཉེན་ཚབ་སྒྲུབ་གཉེར་དོ་དམ་བྱ་བ་ཚད་ལྡན་དང་གཅིག་གྱུར་བཟོས་པ་རེད།
《སྒྲིག་སྲོལ》ལ་ལེའུ་བཅུ་གཅིག་དང་དོན་ཚན་བརྒྱ་དང་བཅུ་བཞི་ཡོད། ཞིང་ཆེན་ཡོངས་སུ་ཉེན་ཚབ་ནང་ཞུགས་པའི་ཐོ་འགོད་དང་། མི་སྣའི་སྙན་ཞུ། གྲོན་ཚད་དོ་དམ། ཐོབ་ཐང་གཏོང་སྤྲོད། ནོར་དོན་དོ་དམ། རྩིས་བཤེར་ནང་ཁུལ་ཚོད་འཛིན། ཆ་འཕྲིན་དོ་དམ་སོགས་ཀྱི་རྨང་གཞིའི་ནང་དོན་དང་བླང་བྱ་གཅིག་གྱུར་ཐོག་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་བཀོལ་སྤྱོད་ཀྱི་གོ་རིམ་དང་། ཚད་གཞི། བླང་བྱ་བཅས་ཁ་གསལ་བཟོས་ཡོད། བརྒྱུད་རིམ་ཚད་ལྡན་དང་། དོ་དམ་གནད་འཁེལ། ནང་ཁུལ་ཚོད་འཛིན་ནན་མོ། ཞབས་ཞུ་སྟབས་བདེ་སོགས་ཀྱི་ཁྱད་ཆོས་ལྡན།
《སྒྲིག་སྲོལ》ནང་རིམ་པ་སོ་སོའི་སྤྱི་ཚོགས་ཉེན་ཚབ་སྡེ་ཚན་གྱིས《སྒྲིག་སྲོལ》གྱི་བླང་བྱ་དང་མི་མཐུན་པའི་གཏན་འབེབས་དང་བྱ་ཐབས་ཕྱོགས་ཡོངས་ནས་གཙང་བཤེར་དང་མེད་པར་བཟོ་དགོས་པ་དང་། ལས་ཀའི་གཙོ་གནད་ཇེ་མང་དུ་གཏོང་བའམ་ཡང་ན་ཞིབ་བཤེར་དཔྱད་ཡིག་ཇེ་མང་དུ་བཏང་མི་ཆོག་པར་གཉེར་སྒྲུབ་ཀྱི་གཞི་འཛིན་ས་དང་། སྒྲུབ་གཉེར་གོ་རིམ། སྒྲུབ་གཉེར་བྱས་འབྲས་བཅས་གཅིག་མཚུངས་ཡོང་བའི་འགན་ལེན་བྱེད་དགོས། ལས་རྨས་ཞབས་ཞུའི་ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་བཟོ་བ། སྡེ་ཁག་བར་གྱི་ཆ་འཕྲིན་མཉམ་སྤྱོད་བརྒྱུད་དེ་འབྲེལ་ཡོད་ཆ་འཕྲིན་ཐོབ་ཐུབ་པའི་བདེན་དཔང་རྒྱུ་ཆ་མེད་པར་བཟོ་བ་དང་། ལས་སྒྲུབ་འགྲོ་ལུགས་དང་ལས་རིམ་ཐད་ཇེ་ཉུང་དུ་གཏོང་དགོས། ལས་རྨས་ཉེན་ཚབ་ནང་ཞུགས་མཁན་ལས་ཁུངས་དང་མི་སྒེར་གྱི་ལས་དོན་དེ་བས་ཇེ་མགྱོགས་སུ་ཕྱིན་ཡོད། སྒྲུབ་གཉེར་ལས་ཁུངས་རང་ངོས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གི་གཉེར་སྒྲུབ་ཞབས་ཞུའི་འགན་འཁྲི་ཁ་གསལ་བཟོས་ནས་ལས་རྨས་ཉེན་ཚབ་ལས་སྒོའི་གཉེར་སྒྲུབ་བརྒྱུད་རིམ་གཅིག་གྱུར་དང་ཚད་ལྡན་དུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་གྱི་ཞབས་ཞུའི་དོ་དམ་བྱེད་སྟངས་སྤྱད་དེ། གཉེར་སྒྲུབ་སྒྲིག་གཞིས《སྒྲིག་སྲོལ》ལ་གཞིགས་ནས་ཁྱད་པར་མེད་པའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཉེན་ཚབ་ནང་ཞུགས་མཁན་ལས་ཁུངས་དང་མི་སྒེར་གྱིས་ཞིང་ཆེན་དེ་ཡོངས་སུ་ལས་རྨས་ཉེན་ཚབ་ལས་སྒོ་གཉེར་སྐབས་དེ་བས་སྟབས་བདེ་རུ་ཕྱིན་ཡོད།
ཐེབས་རྩའི་བདེ་འཇགས་ལྟ་སྐུལ་དོ་དམ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་དགོས་ལ། ལས་སྒོའི་གོ་རིམ་བདག་སྤྲོད་དང་། ཐོག་མའི་ཞིབ་བཤེར། བསྐྱར་ཞིབ་བཅས་ཀྱི་ལས་སྒོའི་ལས་གནས་བཀོད་སྒྲིག་བྱས་ཏེ་བདག་སྤྲོད་དང་། ཐོག་མའི་ཞིབ་བཤེར། བསྐྱར་ཞིབ་བཅས་ཀྱི་ལས་སྒོ་ཁག་གི་ལས་གནས་འགན་འཁྲི་ཁ་གསལ་བཟོས་ཏེ། མི་གཅིག་གིས་ལས་སྒོ་གཅིག་འདྲ་བདག་སྤྲོད་དང་། ཐོག་མའི་ཞིབ་བཤེར། བསྐྱར་ཞིབ་བཅས་ཀྱི་ལས་སྒོ་དུས་གཅིག་ཏུ་སྒྲུབ་མི་ཐུབ་པ། ལས་སྒོ་སྒྲུབ་གཉེར་གྱི་ཉེན་ཁའི་ལས་གནས་ཚོད་འཛིན་དོན་འཁྱོལ་བྱས་པ་རེད།།
རྩོམ་སྒྲིག་པ། འབྲུག་མོ།