རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་བྱེད་ཐབས་གཞན་པ་སྤྱད་དེ་ཡོང་འབབ་དམའ་བའི་རྒྱལ་ཁབ་དག་གི་རིམས་འགོག་ལ་རྒྱབ་སྐྱོར་བྱེད་པར་ཡིད་འཐད་བྱུང་།
2020.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བས་ཉེ་ལམ་བརྙན་རིས་གྲོས་ཚོགས་བསྡུས་ཏེ། དངུལ་བུན་གྱི་ཡུན་ཚད་ཇེ་རིང་དུ་གཏོང་བ་མ་གཏོགས་པའི་བྱེད་ཐབས་གཞན་པ་སྤྱད་དེ། ཡོང་འབབ་དམའ་བའི་རྒྱལ་ཁབ་དག་གིས་པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་།

ཉིན་དེའི་གྲོས་ཚོགས་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་མགོ་འཛིན་བྱས། གྲོས་ཚོགས་ནས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉམས་ཉེན་དང་ཡོང་འབབ་དམའ་བའི་རྒྱལ་ཁབ་མང་བའི་དངུལ་བུན་ལས་དོན་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་ལ་བསམ་བློ་བཏང་སྟེ། ད་ལྟ་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་ནས་བྱེད་ཐབས་གཞན་པ་སྤྱད་དེ་འབྲེལ་ཡོད་རྒྱལ་ཁབ་དག་ལ་སྔར་ལས་མང་བའི་རོགས་རམ་འདོན་སྤྲོད་བྱེད་དགོས་ཟེར། གྲོས་ཚོགས་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དངུལ་བུན་ཡུན་ཚད་ཇེ་རིང་དུ་གཏོང་བ་མ་གཏོགས་པའི་དངུལ་བུན་ཐག་གཅོད་ཀྱི་ཐུན་མོང་སྒྲོམ་གཞིར་གཅིག་གྱུར་ཡིད་འཐད་བྱུང་བར་མ་ཟད་ཆོག་མཆན་བཀོད།

གསལ་སྒྲོག་ལས་བཤད་རྒྱུར། དངུལ་བུན་ཡུན་ཚད་ཇེ་རིང་དུ་གཏོང་བའི་ཐོབ་ཐང་དང་འཚམ་པའི་རྒྱལ་ཁབ་ལ་དུས་ལྟར་གོ་རིམ་ལྡན་པར་དངུལ་བུན་ཐག་གཅོད་ཞབས་ཞུ་འདོན་སྤྲོད་བྱེད་ཆེད། དངུལ་བུན་སྟེར་བའི་རྒྱལ་ཁབ་ཀྱིས་སྒྲོམ་གཞི་གསར་བའི་འོག་བུན་དབང་རྒྱལ་ཁབ་བར་གྲོས་མོལ་བྱས་ཏེ་དངུལ་བུན་གྲོས་མཐུན་བཟོ་བཅོས་བྱེད་པའི་རེ་བ་བཏོན་ཆོག་པ་དང་། དངུལ་བུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་། འབྲེལ་ཡོད་བུན་དབང་རྒྱལ་ཁབ་བཅས་ལ་སྤྱི་བའི་སྡེ་ཁག་གི་དངུལ་བུན་ལ་འབྲེལ་བའི་དགོས་ངེས་ཀྱི་བརྡ་འཕྲིན་ཚང་མ་འདོན་སྤྲོད་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་དངུལ་བུན་ཡུན་ཚད་ཇེ་རིང་དུ་གཏོང་བའི་གྲོས་གཞི་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་དག་ལ་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་མ་ཟད། དཔོན་ཕྱོགས་ཀྱི་ཕྱོགས་གཉིས་ཀྱི་བུན་དབང་འཛིན་མཁན་གྱིས་གྲོས་གཞི་དེ་ལག་བསྟར་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

སོ་ཏི་ཨ་རབ་ཀྱི་ནོར་སྲིད་བློན་ཆེན་ཅཱ་ཏན་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ནམ་རྒྱུན་དབུལ་ཕོངས་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།།

རྩོམ་སྒྲིག་པ། འབྲུག་མོ།