རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་མཉམ་ལས་བྱས་ཏེ་རིམས་ནད་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་།།
2020.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཚེས་ཉེར་གཅིག་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྦྱོར་དང་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ནས། པྲོག་གསར་རིམས་ནད་ལ་ཁ་གཏད་གཅོག་དགོས་ཟེར།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གླེང་སྟེགས་ཐེངས་བཅོ་ལྔ་པ་ཚེས་ཉེར་གཅིག་ཉིན་བརྙན་ལམ་ནས་བསྡུས་ཤིང་། ད་ཐེངས་ཀྱི་མཐོ་རིམ་གླེང་སྟེགས་བསྡུ་ཡུན་ཉིན་གཉིས་ཡིན་པ་དང་། རེས་འཁོར་འགན་འཛིན་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་ཐེངས་འདིའི་གླེང་སྟེགས་གཙོ་སྒྲུབ་བྱས།

མཐོ་རིམ་གླེང་སྟེགས་ཀྱི་ཉིན་དང་པོར་སོ་ཏི་ཨ་རབ་ཀྱིས“རིམས་ནད་ཆེན་པོ་སྔོན་འགོག་དང་ཁ་གཏད་གཅོག་པའི”ཟུར་ཚོགས་ཤིག་བསྡུས་ཏེ། ཚོགས་ཐོག་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མིས་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གང་སར་མཆེད་པར་མཐུན་སྦྱོར་ངང་ཁ་གཏད་འཇལ་བའི་ཐད། ཅིས་ཀྱང་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ་ཆེས་ཉམས་ཞན་ཚོགས་སྡེར་རྒྱབ་སྐྱོར་བྱེད་དགོས་ལ། དུས་མཚུངས་སུ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གྲོན་དངུལ་སྔར་ལས་ཇེ་མང་དུ་བཏང་ནས། འགྲོ་སོང་དེའི་རིགས་རིམས་འགོག་སྨན་ཁབ་སོགས་ལ་སྔར་ལས་ཞིབ་འཇུག་དང་གསར་གཏོད་བྱ་རྒྱུར་སྤྱོད་རྒྱུ་ཡིན་ཟེར།

ཚོགས་འདུ་གྲོལ་རྗེས་སྤེལ་བའི་གསལ་བསྒྲགས་ནང་བསྟན་དོན། དེང་སྐབས་འཛམ་གླིང་གིས་སྔར་བྱུང་མྱོང་མེད་པ་དང་ཧ་ཅང་ཚབས་ཆེ་བའི་འཕྲོད་བསྟེན་དང་དཔལ་འབྱོར་ཉམས་ཉེན་ཞིག་བརྒྱུད་བཞིན་ཡོད་ཅིང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ད་ལོའི་ཟླ་གསུམ་པར་སོ་ཏི་ཨ་རབ་ཀྱིས་གཙོ་གཉེར་བྱས་པའི་པྲོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་དམིགས་བསལ་མཐོ་རིམ་གླེང་སྟེགས་སྟེང་ཁས་བླངས་པ་ནང་བཞིན། རིམས་ནད་ལས་རྣམ་པར་རྒྱལ་བར་འབད་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་དགོས། ཉིན་དེར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པ་ཡང་བསྐྱར་འཛོམས་པའི་དམིགས་ཡུལ་ནི་དགོས་ངེས་ཀྱི་རྗེས་མཐུད་བྱ་སྤྱོད་སྤེལ་ནས། སྔར་ལས་བདེ་འཇགས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན་པས། དཀྱེལ་ཡངས་དང་རྒྱུན་མཐུད། ངར་ཤུགས་ཡོད་པའི་མ་འོངས་པ་ཞིག་མཉམ་སྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། འབྲུག་མོ།