བོད་ཀྱི་གསོ་བ་རིག་པ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པས། མ་ལག་དང་ལྡན་པའི་གཞུང་ལུགས་དང་ཐུན་མོང་མ་ཡིན་པའི་བརྟག་བཅོས་བྱེད་ཐབས་ལྡན། དེ་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན། ལུས་ཁམས་གསོ་ཐབས་ནི་བོད་ཀྱི་གསོ་བ་རིག་པའི་ནང་དོན་གཙོ་བོ་ཞིག་ཡིན་ལ། གནའ་ནས་བཟུང་མཐོ་སྒང་གྲང་ངར་ཆེ་བའི་ས་ཁུལ་དུ་འཚོ་བའི་བོད་མི་རིགས་ཀྱི་གཟུགས་གཞི་བདེ་ཐང་ཡིན་པ་དེ་ཡང་བོད་ཀྱི་གསོ་བ་རིག་པའི་ལུས་ཁམས་གསོ་ཐབས་ཀྱི་དྲིན་ཡིན་ཞེས་བརྗོད་ཆོག
ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་ཀྱི་གསོ་བ་རིག་པའི་ལུས་ཁམས་གསོ་ཐབས།
བོད་ཀྱི་གསོ་བ་རིག་པའི་ལུས་ཁམས་གསོ་ཐབས་ནི་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་དང་མཉམ་དུ་འཕེལ་རྒྱུས་བྱུང་བ་རེད། སྔོན་གྱི་དུས་སུ། ཆེས་རྒྱུན་མཐོང་གི་ནད་ནི་འཇུ་སྟོབས་མི་བཟང་བ་དེ་ཡིན། བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་ལྟར་ན། ནད་གཞི་དེ་རིགས་གསོ་བཅོས་བྱེད་པར་ཆུ་ཁོལ་འཐུང་བ་ནི་མཆོག་ཏུ་བསྔགས་ཤིང་། རྗེས་སུ་མི་རྣམས་ཀྱིས་མར་བསྲེགས་མས་ཁྲག་གཅོད་ཐུབ་པ་དང་། ནས་ཆང་གི་སྙིགས་རོ་ནད་ཕོག་སར་སྦྱོར་བ་སོགས་རྨ་ཁ་དང་འཇུ་ལམ་གྱི་ནད་རིགས་གསོ་བཅོས་བྱེད་ཐབས་ཤེས་ཤིང་། རིམ་བཞིན་མིའི་ལུས་ཁམས་ཀྱི་གྲུབ་ཚུལ་དང་ནད་རིགས་སྣ་ཚོགས་ཇི་ལྟར་བྱུང་བ། སྨན་བཅོས་ཀྱི་ཆོས་ཉིད་སོགས་ལ་ངོས་འཛིན་ཐོབ་ནས་ལུས་ཁམས་གསོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་བསགས་པ་རེད།
པུ་དེ་གུང་རྒྱལ་གྱི་དུས་རབས་ནི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་བྱུང་བའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། བོད་ལྗོངས་དམངས་ཁྲོད་ཀྱི་ལུས་ཁམས་གསོ་ཐབས་ཀྱང་དུས་དེར་འཕེལ་རྒྱས་བྱུང་བ་རེད། དམངས་ཁྲོད་ཀྱི་ལུས་ཁམས་གསོ་ཐབས་དེ་ནད་རིགས་སྔོན་འགོག་བྱེད་པའི་བྱེད་ཐབས་གཙོ་བོར་གྱུར་པ་དང་། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ནང་དུའང་དེའི་སྐོར་གྱི་བཤད་རྒྱུན་མང་དུ་ཡོད། ལྷ་ཐོ་ཐོ་རུ་གཉན་བཙན་གྱི་དུས་སྐབས་སུ། བོད་རིགས་མང་ཚོགས་ཀྱིས་རིམས་ནད་མཆེད་པ་ལས་འགོས་ནད་རང་བཞིན་གྱི་ནད་རིགས་སྣ་ཚོགས་འབྱུང་བ་ཤེས་རྟོགས་བྱུང་བར་མ་ཟད། ད་དུང་འགོས་ནད་རང་བཞིན་གྱི་ནད་རིགས་བྱུང་བའི་ནད་པ་ཕྱི་རོལ་ཡུལ་དུ་གནས་སྤར་ནས། ནད་པའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཞོར་ཟས་ལ་ཚོད་འཛིན་བྱེད་པར་བསྟེན་ནས་ལུས་ཁམས་བདེ་སྲུང་བྱེད་བཞིན་ཡོད། བོད་ཀྱི་གསོ་བ་རིག་པའི་ངོས་ནས་བཤད་ན་སྐབས་དེར་དམངས་ཁྲོད་ཀྱི་ཚེ་ཐག་རིང་བའི་ལུས་ཁམས་གསོ་ཐབས་ཀྱི་ཉམས་མྱོང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ལོ་དུས་རབས་བརྒྱད་པའི་ཐུ་བྷོད་རྒྱལ་རབས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་སླེབས་དུས། སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོས《གསོ་རིག་རྒྱུད་བཞི》བརྩམས་ནས་བོད་ཀྱི་གསོ་བ་རིག་པའི་ལུས་ཁམས་གསོ་ཐབས་དེ་གསོ་ལུགས་རང་བཞིན་དང་མ་ལག་རང་བཞིན་དུ་འཕེལ་རྒྱས་བྱུང་ཞིང་། དེའི་ཁྲོད་ཀྱི་དོན་ཚན་མང་པོ་ཞིག་ལ་ཚན་རིག་དང་མཐུན་པའི་ལུས་ཁམས་གསོ་ཐབས་ཀྱི་རྩ་བའི་རིག་པ་དང་བྱེད་ཐབས་གསལ་པོ་ལྡན་པ་རེད།།
རྩོམ་སྒྲིག་པ། འབྲུག་མོ།