ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ལོ་བདུན་ཅུ་ཡན་གྱི་རྒན་པོའི་ཁྲོད་དུ། མང་ཆེ་བར་ཀླད་པའི་ཁྲག་རྩ་ཉམས་པའི་ནད་བྱུང་ཡོད་མོད། འོན་ཀྱང་ཀླད་པའི་ཁྲག་རྩ་ཉམས་པའི་ནད་ཀྱི་ནད་རྟགས་དེ་ནི་རྒས་རྟགས་དང་འདྲ་བར་མ་ཟད། ནད་ཀྱི་འཕེལ་རིམ་ཧ་ཅང་དལ་བས། རྒྱུན་དུ་རྒན་པའི་ཧོན་ལོག་ནད་ལ་འཁྲུལ་ཏེ་གསོ་བཅོས་ཀྱི་གོ་སྐབས་བཟང་པོ་འཆོར་གྱིན་འདུག ང་ཚོས་གཤམ་གྱི་ནད་རྟགས་འདི་དག་ལ་བརྟེན་ནས་ཀླད་པའི་ཁྲག་རྩ་ཉམས་ཡོད་མེད་ལ་ཞིབ་བཤེར་བྱེད་ཆོག་པ་སྟེ།
གཅིག རྒྱུན་དུ་ལས་བཞིན་པ་དང་རང་ཉིད་ལ་བྱང་ཆ་ལྡན་པའི་ལས་ཀ་དག་རིམ་གྱིས་ལས་མི་ཤེས་པར་འགྱུར་པ། དཔེར་ན་གསང་གྲངས་ཡོད་པའི་ཟྭ་ཕྱེ་མི་ཤེས་པ་དང་། ལག་ཁྱེར་ཁ་པར་བཀོལ་མི་ཤེས་པ། ཤོག་བུ་ལྟེབ་མི་ཤེས་པ་སོགས་དང་། ལག་ཆ་བཀོལ་སྤྱོད་བྱེད་པའི་ནུས་པ་ཇེ་ཞན་དུ་འགྲོ་བ་སོགས་ནི་ཀླད་པའི་ཁྲག་རྩ་ཉམས་པའི་རྟགས་ཡིན།
གཉིས། འགྲོ་འདུག་སྟབས་མི་བདེ་བ། རང་ཉིད་ཀྱི་འགྲོ་འདུག་རིམ་གྱིས་སྟབས་མི་བདེ་བར་གྱུར་པ་དང་ཐང་ཆད་པ། ལུས་པོ་ཐང་ཆད་པ་མ་ཡིན་པར་ཀླད་པ་ངལ་ཞིང་དུབ་པའི་ཚོར་སྣང་བྱུང་བ། རྒྱུ་རྐྱེན་གང་ཡང་མེད་པར་ཐང་ལ་འགྱེལ་བ་དང་རིམ་གྱིས་འགྲོ་མི་ཐུབ་པར་གྱུར་པ། དོན་དངོས་སུ་རྐང་ལག་ལ་ནུས་ཤུགས་ལྡན་ཞིང་ལུས་པོ་སྟོབས་ཤུགས་ཀྱིས་ཁེངས་ཡོད་ནའང་གོམ་པ་འཁྱར་འཁྱོར་སྤོས་ཏེ་འགྲོ་དཀའ་བ།
གསུམ། གཅིན་བསྲན་མེད་པ། རྒན་པ་རྣམས་ཀྱིས་རྒྱུན་དུ་གཅིན་བསྲན་མི་ཐུབ་པ་ནི་མཚང་མཐིལ་གྱི་ཤ་གནད་ལྷོད་པ་ལས་བྱུང་བ་ཡིན་མོད། འོན་ཀྱང་འདི་རུ་བརྗོད་ཀྱིན་པའི་གཅིན་བསྲན་མི་ཐུབ་པ་ནི་ཀླད་པའི་བཀའ་བརྡ་འཁྲུག་པ་ལས་བྱུང་བ་ཡིན་པས། གཅིན་ཤོར་བའི་ཚོར་སྣང་གང་ཡང་མེད། དེ་ནི་ཀླད་པའི་དབང་རྩ་དང་འབྲེལ་བ་ཡོད།
འབྱུང་རྐྱེན། ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ། ཁྲག་ཧྭགས་མཐོ་བའི་ལོ་ལྔ་བཅུའི་ཡན་གྱི་མི་ཚོགས་ལ་ནད་དེའི་རིགས་འབྱུང་ཚད་མཐོ་ཞིང་། སྙིང་ནད་ཅན་དང་གཉིད་མི་འོང་བ། ཆང་བག་མེད་དུ་འཐུང་བ། ཐ་མག་མང་དུ་འཐེན་པ། ལུས་སྦྱོང་བྱེད་རྒྱུར་མི་དགའ་བ། སྣུམ་ཞག་ཆེ་བའི་ཟས་རིགས་ཟ་རྒྱུར་དགའ་བ་བཅས་ཀྱི་མི་ཚོགས་ལའང་ནད་དེའི་རིགས་འབྱུང་སླའོ། །
རྩོམ་སྒྲིག་པ། འབྲུག་མོ།