ཆམ་ནད་ཀྱི་སྨན་ཉོ་སྐབས་མཉམ་འཇོག་བྱེད་དགོས་པའི་གནད་དོན།
2021.01.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

ཆམ་ནད་ནི་དབྱར་དགུན་སྟོན་དཔྱིད་མེད་པར་འབྱུང་ཚད་ཆེས་མཐོ་བའི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ཞིང་། དེ་མང་ཆེ་བ་ནད་དུག་གིས་བསླངས་པ་ཡིན། ནད་རྟགས་ལ་མགོ་ན་བ་དང་ལུ་བ། སྣ་འཚུབ་པ་དང་སྣ་ཆུ་བཞུར་བ། ཚ་རྒྱས་པ། ཤ་གྲིམ་དང་ལུས་ཡོངས་ཀྱི་རུས་ཚིགས་ན་བ་སོགས་འབྱུང་། ཆམ་ནད་བྱུང་ན་མི་རྣམས་ཀྱིས་དུས་ཐོག་ཏུ་སྨན་འཐུང་ནས་གསོ་བཅོས་བྱེད་བཞིན་ཡོད། ཆམ་ནད་ཀྱི་སྨན་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་ཆེད།  གཤམ་དུ་ང་ཚོས་ཆམ་ནད་འགོག་པའི་ནུབ་ལུགས་གསོ་རིག་གི་སྨན་རྫས་ཁ་ཤས་ཀྱི་གྲུབ་ཆ་འགའ་ངོ་སྤྲོད་ཅིག་བྱེད།

ནུབ་ལུགས་གསོ་རིག་གི་ཆམ་ནད་ཀྱི་སྨན་རྣམས་ཕལ་ཆེར་སྨན་སྣ་མང་པོ་འདུས་པའི་མང་སྦྱོར་རིགས་ཡིན་ཞིང་། དེའི་ནང་དུ་ཚ་འཇོམས་ཟུག་གཅོག་དང་། ཚོ་ཨེན་འགོག་བྱེད། གློ་ལུ་སེལ་བ།  སྣའི་ནང་སྐྱི་ལ་ཁྲག་རྒྱས་པ་སེལ་བ། ནད་དུག་འགོག་རྫས་སོགས་ཀྱི་གྲུབ་ཆ་འདུས་ཡོད།  སྤྱིར་ཚང་མས་ཅུང་དོ་སྣང་བྱས་ཚེ། ནུབ་ལུགས་གསོ་རིག་གི་ཆམ་ནད་ཀྱི་སྨན་རྫས་མང་པོའི་མིང་བྱང་གི་སྟེང་དུ་ཧྥུན(酚)དང་མ(麻)། མེ(美)། མེན(敏)སོགས་ཀྱི་རྒྱ་ཡིག་གི་ཡིག་འབྲུ་འདི་དག་མཐོང་ཐུབ་ཅིང་། ཡིག་འབྲུ་འདི་དག་ལ་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཡིན།

ཧྤུན(酚)ཞེས་པ་དེས་ཁ་ཤན་ཨེམ་རྨང་ཧྥུན་མཚོན་པ་ཡིན་ཏེ། དེས་གཙོ་བོར་མགོ་བོའི་གཞོགས་ཕྱེད་ཅུང་ན་བ་དང་། ཟླ་མཚན་འབབ་གཟེར། རུས་ཚིགས་ན་བ། ཤ་གྲིམ་ན་བ་དང་དབང་རྩ་ན་བ། སྤྱིར་བཏང་གི་ཆམ་པ་དང་ནད་དུག་གིས་བསླངས་པའི་མགོ་ན་བ། ཚ་རྒྱས་པ་དང་ལུས་ཡོངས་མི་བདེ་བའི་ནད་རྟགས་རྣམས་སེལ་བ་ཡིན། རྒྱུན་སྲོལ་གྱི་སྨན་འཐུང་ཚད་ལྟར་འཐུང་ན་སྐྱོན་མེད་མོད། འཐུང་ཚད་ལས་བརྒལ་ན་མཆིན་པར་གནོད། མིག་སྔར། ཆམ་ནད་ཀྱི་སྨན་རྫས་མང་པོའི་ཁྲོད་དུ་ཡོངས་ཁྱབ་ཀྱིས་ཁ་ཤན་ཨེམ་རྨང་ཧྥུན་གྱི་གྲུབ་ཆ་འདུས་ཡོད་པས། སྨན་དེ་དང་མཉམ་དུ་ཆམ་ནད་ཀྱི་སྨན་གཞན་པའི་རིགས་འཐུང་མི་རུང་། དུས་མཚུངས་སུ། ཆམ་ནད་སྨན་གྱི་གྲུབ་ཆ་རེ་རེར་རྒྱུས་ལོན་གསལ་བོ་མེད་པའི་གནས་ཚུལ་འོག ཆམ་ནད་ཀྱི་སྨན་དང་ཁ་ཤན་ཨེམ་རྨང་ཧྥུན་གྱི་ལྷོད་གཏོང་སྨན་གཉིས་མཉམ་དུ་འཐུང་མི་རུང་། གལ་ཏེ་ནད་པར་བསྟུད་མར་ཚ་རྒྱས་པ་དང་ན་ཟུག་ལངས་ཚེ། དུས་ཚོད་བཞི་ནས་དྲུག་རེའི་མཚམས་སུ་ཁ་ཤན་ཨེམ་རྨང་ཧྥུན་ཐེངས་རེ་འཐུང་བ་དང་། དུས་ཚོད་ཉེར་བཞིའི་ནང་དུ་ཐེངས་བཞི་ལས་བརྒལ་མི་རུང་། ལོ་བཅུ་གཉིས་མན་གྱི་བྱིས་པ་དང་སྦྲུམ་མ། ཡང་ན་ནུ་མ་བསྣུན་བཞིན་པའི་བུད་མེད་ཚོས་སྨན་དེ་གཏན་ནས་འཐུང་མི་རུང་། ཚ་འཇོམས་པར་བསྟུད་མར་ཉིན་གསུམ་ལས་འཐུང་མི་རུང་ཞིང་། ན་ཟུག་གཅོག་པར་བསྟུད་མར་ཉིན་ལྔ་ལས་བརྒལ་མི་རུང་བ་ཡིན།

མ(麻)ཞེས་པ་དེས་ཚྭ་སྐྱུར་མཚེ་ལྡུམ་བུལ་རྫུན་མ་དམིགས་སུ་མཚོན་ཞིང་།  དེས་གཙོ་བོར་ཁྲག་རྩ་འཁུམ་འདུ་བྱེད་དུ་འཇུག་པ་ཡིན་ཏེ། སྣའི་ནང་སྐྱིར་ཁྲག་རྒྱས་པ་ལས་སྣ་འཚུབ་པ་དང་། སྣ་ཆུ་བཞུར་བ་སོགས་ཀྱི་རྟགས་རྣམས་སེལ་ཐུབ། དུས་མཚུངས་སུ་ད་དུང་གློ་ཡུའི་ཡན་ལག་གི་འཇམ་འདྲེད་ཤ་གྲིམ་ཇེ་ལྷོད་དུ་གཏོང་བ་དང་། ཁྲག་ཤེད་ཇེ་མཐོར་འགྲོ་བ། སྙིང་ཁྲག་ཕྱིར་འདྲེན་ཚད་ཇེ་མང་དུ་གཏོང་བས། གལ་ཏེ་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ། ཆུ་རྨེན་རྒྱགས་ཆེ། མིག་ནད་སྔོ་རིབ། ཨོལ་ཐལ་སོགས་ཀྱི་ནད་ཡོད་ཚེ། སྨན་དེའི་རིགས་འཐུང་མི་རུང་། དེ་ལས་གཞན་སྦྲུམ་མ་དང་ནུ་མ་བསྣུན་བཞིན་པའི་བུད་མེད། ལོ་གཉིས་མན་གྱི་བྱིས་པ་བཅས་ཀྱིས་ཀྱང་སྨན་དེའི་རིགས་གཏན་ནས་འཐུང་མི་རུང་། དེར་མ་ཟད་སྨན་དེའི་རིགས་འཐུང་སྐབས་སྤྱིར་ཉིན་བདུན་ལས་བརྒལ་མི་ཉན་པ་ཡིན།

མེན(敏)ཞེས་པ་དེས་མ་ལེ་སྐྱུར་ཁིལ་པུན་ན་མེན་མཚོན་པ་ཡིན། མ་ལེ་སྐྱུར་ཁིལ་པུན་ན་མེན་ལ་ཕུའུ་ཨར་མེན(扑尔敏)ཞེས་ཀྱང་ཟེར། མེན་དང་ཕུའུ་ཚང་མ་ཚོ་ཨེན་འགོག་སྨན་གྱི་རིགས་སུ་གཏོགས་ཤིང་། དེ་གཙོ་བོར་ཆམ་ནད་བྱུང་བའི་སྐབས་ཀྱི་སྣ་སྦྲིད་རྒྱག་པ་དང་སྣ་ཆུ་དང་མིག་ཆུ་བཞུར་བ་སོགས་ཚོར་ཐལ་ལ་ཕན་པ་ཡིན། ཡིན་ནའང་ཆུ་རྨེན་རྒྱགས་ཆེའི་ནད་བྱུང་ཡོད་པའི་ནད་པས་ཚོ་ཨེན་འགོག་སྨན་འཐུང་རྗེས་གཅིན་འགག་པའི་གནས་ཚུལ་ཇེ་སྡུག་ཏུ་འགྱུར་སྲིད། དེ་ལས་གཞན། སྨན་དེའི་རིགས་ལ་ལྷོད་འཇགས་ཀྱི་ནུས་པ་ལྡན་པས་འཐུང་རྗེས་གཉིད་འབབ་སྲིད། འདི་ནས་ཚང་མར་ཆེད་དུ་གསལ་འདེབས་བྱེད་དགོས་པ་ཞིག་ནི། ཚོ་ཨན་འགོག་སྨན་གྱི་གྲུབ་ཆ་འདུས་པའི་ཆམ་ནད་ཀྱི་སྨན་འཐུང་རྗེས་རླངས་འཁོར་སོགས་གཏན་ནས་བསྐོར་མི་རུང་ཞིང་འཕྲུལ་ཆས་ཀྱི་ལས་ཀའི་རིགས་ལས་མི་རུང་། ལྒང་སྐེ་འགག་པའི་ནད་བྱུང་ཡོད་པ་དང་རྒྱུ་སོར་བཅུ་གཉིས་ཀྱི་རྒྱུ་འགག་གི་ནད། ཨོལ་ཐལ། མིག་ནད་སྔོ་རིབ། འཇུ་བྱེད་རང་བཞིན་གྱི་སྨུག་པོ། ཁྲག་ཤེད་མཐོ་བ་དང་ཆུ་རྨེན་རྒྱགས་ཆེ་ནད་སོགས་བྱུང་ཡོད་པའི་ནད་པས་སྨན་དེའི་རིགས་འཐུང་བར་གཟབ་གཟབ་བྱེད་དགོས།

མེ(美)ཞེས་པ་དེས་ཆིན་ཞིག་སོན་ཡིག་མེ་ཧྲ་ཧྥིན(氢溴酸右美沙芬)མཚོན་པ་ཡིན། མེ་ནི་ཆམ་ནད་ཀྱི་སྨན་ལས་ཆེས་རྒྱུན་སྤྱོད་ཀྱི་ལུ་འགོག་སྨན་ཞིག་ཡིན་ཞིང་། དེས་གཙོ་བོར་དབུགས་ལམ་སྟོད་མ་རེད་པ་ལས་མིད་པར་ཟ་འཕྲུག་ལངས་པ་དང་ལུ་བ་བཅས་འགོག སྨན་དེར་སྤྱིར་ཞོར་སྐྱོན་ཆེན་པོ་མེད་མོད། ནད་པ་ཉུང་ཤས་ཤིག་ལ་ཡི་ག་འགག་པ་དང་། མགོ་ཡུ་འཁོར་བ། མགོ་ན་བ། སྐྱུག་མེར་ལངས་པ། སེམས་ཁམས་ལ་གཡོ་འཁྱོམ་འབྱུང་བ། སྐྱི་པགས་ཚོར་ཐལ་དང་རྩ་འགག་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན། ཡིན་ནའང་སྨན་དེ་འཐུང་མཚམས་བཞག་རྗེས་གོང་གི་ནད་རྟགས་དེ་དག་རང་ཤུགས་ཀྱིས་མེད་པར་འགྱུར་འགྲོ། ཆེད་དུ་གསལ་འདེབས་བྱེད་དགོས་པ་ཞིག་ནི། སྨན་འཐུང་བ་ཚད་ལས་བརྒལ་ན་དབུགས་འགག་པ་དང་། གློ་ཡུའི་ཡན་ལག་རྩ་འཁུམ་བྱེད་པ། རྣམ་རིག་མི་གསལ་བ་སོགས་གནས་ཚུལ་མི་ལེགས་པ་འབྱུང་བ་ཡིན། དེ་བས་སྦྲུམ་མས་སྨན་དེའི་རིགས་གཏན་ནས་འཐུང་མི་རུང་།

དེས་ན་ཆམ་ནད་ལ་ཕན་པའི་སྨན་དེ་ཇི་ལྟར་བདམས་དགོས་སམ་ཞེ་ན།

ནད་རྟགས་དང་བསྟུན་ནས་སྨན་འཐུང་དགོས་ཏེ། ཚ་རྒྱས་པ་དང་ཤ་གྲིམ་ན་བ། མགོ་ན་བ་བཅས་ལ་ཧྤུན(酚)གྱི་གྲུབ་ཆ་འདུས་པའི་ཆམ་ནད་ཀྱི་སྨན་འཐུང་དགོས། སྣ་འཚུབ་པ་དང་སྣ་ཆུ་དང་མིག་ཆུ་བཞུར་བ། མིད་པར་ཟ་འཕྲུག་ལངས་པ་བཅས་ལ་ཕུའུ་དང་མེན་གྱི་གྲུབ་ཆ་འདུས་པའི་ཆམ་ནད་ཀྱི་སྨན་འཐུང་དགོས་པ་ཡིན། ལུ་བ་དང་མིད་པར་ཟ་འཕྲུག་ལངས་པར་མེ(美)ཡི་གྲུབ་ཆ་འདུས་པའི་ཆམ་ནད་ཀྱི་སྨན་འཐུང་དགོས།

ལས་རིགས་ཀྱི་ངོ་བོ་ལྟར་དུ་སྨན་འཐུང་དགོས་ཏེ། ཕུའུ་དང་མེན་སོགས་དབང་རྩར་གནོད་པའི་སྨན་འཐུང་ན་གཉིད་འབབ་པ་དང་། ཐང་ཆད་པ། ལུས་ཤུགས་མེད་པ། མིག་རབ་རིབ་ཏུ་འགྱུར་བ་སོགས་ཀྱི་རྟགས་འབྱུང་བས། ཁ་ལོ་བ་དང་། འཕྲུལ་ཆས་ལ་ཁོ་ལོ་བསྒྱུར་བ། བར་སྣང་དུ་བྱ་བ་སྒྲུབ་པ་བཅས་ཀྱི་མིས་འཛེམ་དགོས།

ནར་མ་སོན་པའི་ལོ་ཆུང་བྱིས་པས་ཁོ་ཧྥེ་རྒྱུ་འདུས་པའི་ཆམ་ནད་ཀྱི་སྨན་རིགས་འཐུང་མི་རུང་། སྨན་དེའི་རིགས་ཀྱིས་དབང་རྩ་གཙོ་བོར་ཕོག་ཐུག་གཏོང་བ་དང་དང་ནུ་མ་བསྣུན་བཞིན་པའི་བྱིས་པར་ཚ་ཆེན་པོ་ལངས་པའི་སྐབས་སུ་དྲན་མེད་དུ་བརྒྱལ་བའི་རྟགས་འབྱུང་དུ་འཇུག་པ།   སྦྲུམ་མས་ཁའོ་ཧྥེ་རྒྱུ་འདུས་པའི་སྐོམ་ཆུའི་རིགས་མང་པོ་འཐུང་ན་སེམས་འཚབ་པ་དང་། སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ། གཉིད་མི་འབབ་པ་དང་ཡི་ག་ཆད་སྲིད། ཆམ་ནད་སྨན་གྱིས་སྦྲུམ་བུ་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པས། སྦྲུམ་མ་དང་ནུ་མ་བསྣུན་བཞིན་པའི་བུད་མེད་རྣམས་ཀྱིས་ཀྱང་ཆམ་ནད་ཀྱི་སྨན་རྫས་དེའི་རིགས་འཐུང་མི་རུང་།

ཡང་དག་པའི་སྒོ་ནས་ཆམ་ནད་སྨན་བདམས་ཏེ་འཐུང་ན་ཆམ་ནད་གསོ་བཅོས་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ། དེར་མ་ཟད་ཆམ་ནད་འགོག་པའི་སྨན་གྱི་གྲུབ་ཆ་དང་ནུས་པར་རྒྱུས་ལོན་གསལ་བོ་བྱེད་པ་དང་སྨན་རྫས་ཀྱི་གསལ་བྱེད་ཡི་གེར་བལྟས་ནས།  རང་གི་ནད་རྟགས་དང་བསྟུན་ནས་ཆམ་ནད་སྨན་བདམས་ནས་ཉོ་དགོས།།

གོང་གི་ཤེས་བྱ་འདི་དག«བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ། འབྲུག་མོ།