ཁྲིམས་ལྟར་སྔོན་འགོག་དང་ཚོད་འཛིན་ནན་མོ་བྱས་ཏེ་ནད་དུག་བསྐྱར་འབྱུང་ལ་གོ་སྐབས་སྟེར་མི་རུང་།
2021.01.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ཉེ་ལམ། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ལ་པྲོག་གསར་གློ་ཚད་གཅིག་བསྡུས་རང་བཞིན་གྱི་རིམས་ནད་བྱུང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་དགོས་པའི་ཉེན་བརྡ་བཏང་དང་ནམ་ཟླ་གྲང་མོས་གཞན་ངོས་ནས་ནད་དུག་གསོན་པར་བྱེད་པ་དང་། མི་མང་པོ་ཕན་ཚུན་འགྲོ་འོང་བྱེད་པ་དེ་ནད་དུག་ཁྱབ་པའི་ཕྱི་རོལ་རྒྱུ་རྐྱེན་དུ་གྱུར་པས། ཚོད་འཛིན་དང་སྔོན་འགོག་ཐད་ཞན་ཆའི་ལྷུ་ཚིགས་དང་རང་ངོས་ཀྱི་ཞན་ཆ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་གང་དག་ཡོད་པར་དམིགས་ནས་བསམ་ཞིབ་གཏིང་ཟབ་དང་དག་ཐེར་ལེགས་བཅོས་ནན་མོ་བྱེད་དགོས།

ཐེངས་འདིའི་རིམས་ནད་ལ་དབྱེ་ཞིབ་བྱས་ན་ང་ཚོས་ཤེས་ཐུབ་པ་ནི། རིམས་ནད་སྔོན་འགོག་གི་འདུ་ཤེས་ཞན་པའི་དབང་གིས་འདུ་འཛོམས་བྱས་པ་དེས་ནད་དུག་མགྱོགས་ཤིང་རྒྱ་ཆེར་ཁྱབ་པར་ཁོར་ཡུག་འདོན་སྤྲོད་བྱས་ཡོད། ཧི་པེ་དང་ཧེ་ལུང་ཅང་སོགས་ཀྱི་ས་ཆར་ཉེ་ལམ་རིམས་ནད་བྱུང་བའི་ཁྲོད་དུ། ཞིང་སྡེ་ས་ཁུལ་དུ་ལོ་གསར་སླེབས་ལ་ཉེ་བས་ཁྱིམ་ཚང་ཕན་ཚུན་དུ་འགྲོ་འོང་བྱེད་པ་དང་ཚོང་རར་ཉུལ་བ། སྟོན་མོ་བཤམས་པ། འདས་མཆོད་སྒྲུབ་པ་སོགས་ཀྱི་བྱ་འགུལ་ཅུང་མང་བ་དང་། མི་ཚོགས་མཉམ་འཛོམས་བྱས་པ་ལས་རིམས་ནད་མང་དུ་འགོས་པ་རེད། ཅི་ལིན་ཞིང་ཆེན་དུ་ཕྱི་རྒྱལ་ནས་ཡོང་བའི་ནད་པ་ཞིག་ཕྱོགས་བསྡུས་ཕྱིར་འཚོང་བྱ་འགུལ་མང་པོར་ཞུགས་པ་དང་འབྲེལ་བ་ཆེ་བས། “1གིས102ལ་བགོས་པ”ཡི“ཚད་བརྒལ་འགོས་ཁྱབ”བྱུང་། དེ་ལས་གཞན། ནད་རྟགས་བྱུང་ནའང་རང་གིས་སྨན་འཐུང་བ་ལས་དུས་ཐོག་ཏུ་སྨན་ཁང་ལ་མ་བསྟེན་པ་དང་། ཞིང་སྡེ་གཞི་རིམ་དུ་ནད་པ་ཡོད་པ་ཤེས་ནའང་སྙན་སེང་ཞུ་བའི་འདུ་ཤེས་ཞན་པ། སྨན་བཅོས་ཀྱི་ཆ་རྐྱེན་ཞན་པ་སོགས་ཀྱི་རྒྱུ་རྐྱེན་ཡང་ཡོད་པས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བ་དེ་གཞན་དབང་ལ་གྱུར་དུ་བཅུག་པ་རེད།

གོང་གི་ཞིང་ཆེན་དེ་དག་མ་ཡིན་པའི་གཞན་རྣམས་ལ་བལྟས་ན། དཀའ་ལས་ལ་སྐྲག་པའི་སྒྱིད་ལུག་གི་བསམ་ཚུལ་དང“དོན་དག་འབྱུང་མི་སྲིད་པའི”སྟབས་ལེགས་ཡོང་བའི་བསམ་ཚུལ། “ང་དང་འབྲེལ་བ་མེད་པ”ཡི་འགན་མི་འཁུར་བའི་ལྟ་སྟངས་བཅས་ལས་ནད་དུག་འགོས་པ་རེད། དགུན་ཚུགས་པའི་ཚུན་དུ། མཁའ་དབུགས་ཀྱི་རྒྱུ་བ་མི་བཟང་བའི་ཁང་པའི་ནང་དུ་ཁ་ཐུམ་མི་རྒྱག་པའི་མི་མི་ཉུང་བ་ཡོད་པ། སྤྱི་སྤྱོད་ས་གནས་ཁ་ཤས་སུ་ཨང་གཤེར་ཐོ་འགོད་དང་ལུས་དྲོད་ཞིབ་བཤེར་སོགས་ཀྱི་གོ་རིམ་དེ་ཚུགས་ཀ་བཏོད་སྤྱད་ཙམ་དུ་གྱུར་ཡོད།

ནད་ཡམས་རྩ་བ་ནས་འཇོམས་ཡག་མིན་པས། མི་སྒེར་ངོས་ནས་སྔོན་འགོག་ལེགས་པོར་བྱེད་པ་ནི་ནད་ཡམས་འགོག་པའི་ཆེས་གོ་ཆོད་ཀྱི་བྱེད་ཐབས་དེ་ཡིན། མི་མང་པོ་མཉམ་གཅིག་ཏུ་མི་འཛོམས་པ་དང་འདུ་འཛོམས་ཇེ་ཉུང་དུ་གཏོང་བ། བར་ཐག་ཏུ་སྨི་གཅིག་འཇོག་པ། ཁ་ཐུམ་རྒྱག་པ་སོགས་ཀྱི་བྱེད་ཐབས་འདི་དག་ཁ་བཤད་ཙམ་མིན་པར་ལག་ཏུ་བསྟར་དགོས་ལ། གནས་བབ་ཅུང་ཙམ་ཇེ་ལེགས་སུ་སོང་ནའང་བརྗེད་དུ་འཇུག་མི་རུང་། སྔོན་འགོག་དང་ཚོད་འཛིན་གྱི་གོམ་ཁ་ཅུང་ལྷོད་པ་དང་བག་ཡངས་སུ་ཅུང་ཙམ་བཏང་རྗེས་ནད་དུག་དེ་དང་བསྟུན་ནས་འགོ་སྲིད་པས། ང་ཚོའི་སྔོན་དུས་ཀྱི་ཐོབ་དཀའ་བའི་འཐབ་འབྲས་ཀྱང་རྡུལ་དུ་བརླག་ངེས་རེད། འབྲེལ་ཡོད་སྡེ་ཁག་དང་ལྷག་པར་དུ་ཞིང་སྡེ་ས་ཁུལ་གྱིས་གང་མྱུར་གྱིས་འགན་འཁྲི་ནན་མོ་འཇོག་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ནན་ཏན་གྱིས་སྐྱོན་ཆར་ཞིབ་བཤེར་དང་སྟོང་ཆ་ཁ་གསབ་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་ནན་མོ་བྱེད་དགོས།

ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པར་མི་ཚང་མར་འགན་འཁྲི་ཡོད། རང་གཞན་གཉིས་ཀའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཀྱི་ཆེད་དུ་ང་ཚོས་རྣམ་རིག་སྒྲིམ་དགོས། རང་ཉིད་ནས་མགོ་རྩོམ་པ་དང་རང་ཉིད་ཀྱི“འགན་འཁྲི”ཁུར་ནས། ནད་དུག་བསྐྱར་དུ་འབྱུང་བར་གོ་སྐབས་མི་སྟེར་བ་དང“སྣང་མེད་བྱེད་པ”འམ“འགན་མི་འཁུར་བ”ཡི་སྣང་ཚུལ་འབྱུང་དུ་མ་བཅུག་པར་ཐོབ་དཀའ་བའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརླག་དུ་འཇུག་མི་རུང་། །

རྩོམ་སྒྲིག་པ། འབྲུག་མོ།