མཚོ་སྔོན་གྱིས་པྲོག་གསར་གློ་ཚད་ཉིང་སྐྱུར་བརྟག་དཔྱད་རྣམ་གྲངས་ཀྱི་རིན་གོང་ཇེ་དམའ་རུ་བཏང་།
2021.01.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 22

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྨན་བཅོས་ཉེན་ཚབ་ཅུའུ་ཡིས《པྲོག་གསར་གློ་ཚད་ཉིང་སྐྱུར་བརྟག་དཔྱད་རྣམ་གྲངས་ཀྱི་གྲོན་ཡོན་མཛུབ་ཁྲིད་རིན་གོང་ལེགས་སྒྲིག་སྐོར་གྱི་བརྡ་ཐོ》འགྲེམས་གཏོང་བྱས། ཟླ1པོའི་ཚེས25ཉིན་ནས་བཟུང་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲེལ་ཡོད་རིན་གོང་ལེགས་སྒྲིག་བྱ་རྒྱུའི་གཏན་འཁེལ་བྱས། སྨན་བཅོས་སྒྲིག་གཞི་རིམ་པ་གསུམ་པའི“ནད་གཞིའི་ཉིང་མངར་ཉིང་སྐྱུར་རྒྱ་སྐྱེད་རང་བཞིན་གྱི་བརྟག་དཔྱད”གྱི་མཛུབ་ཁྲིད་རིན་གོང་དེ་རྣམ་གྲངས་རེར་སྒོར80(ཚོད་རྫས་ཚུད་པ)ལ་ལེགས་སྒྲིག་བྱས་པ་དང་། “པྲོག་གསར་ནད་དུག་འགོག་གཟུགས་ཚད་འཇལ་གཏན་འབེབས”ཀྱི་མཛུབ་ཁྲིད་རིན་གོང་དེ་རྣམ་གྲངས་རེར་སྒོར40(ཚོད་རྫས་ཚུད་པ)ལ་ལེགས་སྒྲིག་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་པྲོག་གསར་གློ་ཚད་ཀྱི་འབྲེལ་ཡོད་བརྟག་དཔྱད་རྣམ་གྲངས་ཀྱི་རིན་གོང་ཇེ་དམའ་རུ་བཏང་བའི་དམིགས་ཡུལ་ནི་པྲོག་གསར་གློ་ཚད་རིམས་ནད་རྒྱུན་གཏན་ཅན་གྱི་གནད་སྨིན་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་དེ་རེད། རིན་གོང་རྣམ་གྲངས་དེ་ནི་མཛུབ་ཁྲིད་རིན་གོང་མཐོ་ཤོས་ཡིན་པས། རིན་གོང་དངོས་དེ་འཛུབ་ཁྲིད་རིན་གོང་ལས་མཐོ་མི་ཆོག་ལ་དམའ་ཆོག  ཞིབ་དཔྱད་ལག་རྩལ་དང་འབྲེལ་ཡོད་མ་རྩའི་འགྱུར་ལྡོག་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྨན་བཅོས་ཉེན་ཚབ་ཅུའུ་ཡིས་རྣམ་གྲངས་ཀྱི་རིན་གོང་ལ་འགུལ་རྣམ་ལེགས་སྒྲིག་བྱས་པ་རེད།

རིམས་ནད་ཀྱི་དགོས་མཁོ་དང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གི་ལག་རྩལ་བླང་བྱ་དང་ཚད་གཞི་ལྟར་མཉམ་བསྲེས་བརྟག་དཔྱད་བྱེད་སྐབས། མ་དཔེ་ལྔ་ཡི་མཉམ་བསྲེས་བརྟག་དཔྱད་ལ་མི་ཐེངས་རེར་སྒོར40ཡིན་པ་དང་། མ་དཔེ་བཅུ་ཡི་མཉམ་བསྲེས་བརྟག་དཔྱད་ལ་མི་ཐེངས་རེར་སྒོར30རེད། པྲོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ5མཉམ་བསྲེས་བརྟག་དཔྱད་དང་མ་དཔེ10མཉམ་བསྲེས་བརྟག་དཔྱད་བྱ་རྒྱུ་དེ་འབྲེལ་ཡོད་གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་གཞི་ཁྱོན་ཆེ་བའི་མི་ཚོགས་ལ་མགྱོགས་མྱུར་ངང་གྲལ་བཤེར་བྱེད་སྐབས་བསྡུ་ལེན་བྱ་རྒྱུར་འཚམ་པ་ཡིན།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོའི་རྐྱེན་གྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་མཁན་མི་ཚོགས་ཀྱི་ཁྱབ་ཁོངས་དང་འགྲོ་གྲོན་བསྡོམས་རྩིས་རྒྱག་སྐབས། 《པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་དང་འགོག་གཟུགས་བརྟག་དཔྱད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་སྨན་བཅོས་ཉེན་ཚབ་ཅུའུ་ཡིས་བཀྲམས་པའི(2020)ཡིག་ཨང57པ)ཡིག་ཆའི་གཏན་འབེབས་ལྟར་མུ་མཐུད་ལག་བསྟར་བྱ་དགོས། །

རྩོམ་སྒྲིག་པ། འབྲུག་མོ།