ལོ་སར་སྐབས་ནི་ཚོང་མང་པོ་རྒྱག་པའི་དུས་ཡིན་པས། ལོ་རེར་ལོ་སར་རྗེས་འཛད་སྤྱོད་པ་རྣམས་ཀྱིས་ལོ་གསར་གྱི་ཚོང་བརྒྱབ་པ་དང་། བཟའ་བཏུང་གི་ཞབས་ཞུ་དང་གནས་སྐོར་ཞབས་ཞུ་བཅས་ཀྱི་ཕྱོགས་ནས་ཞུ་གཏུག་བྱེད་པ་ལྟོས་བཅས་ཀྱིས་ཇེ་མང་དུ་འགྲོ་བ་རེད། ཤེས་གསལ་ལྟར་ན་བདག་གཉེར་མཁན་རྣམས་ལ་གཡོ་ཐབས་སྣ་ཚོགས་ཤིག་ཡོད་པ་རེད།
བདག་གཉེར་མཁན་ཁ་ཤས་ཀྱིས་ཚོང་མང་པོ་རྒྱག་པའི་སྐབས་དང་བསྟུན་ནས་ཟས་རིགས་རྫུན་རྫུས་ཞན་གསུམ་བཙོང་སྟེ་མི་དམངས་ཀྱི་བདེ་ཐང་ལ་གནོད་པ་སྐྱེལ་བཞིན་ཡོད། ཚོང་ཁང་ལ་ལས་ལོ་སར་གྱི་སྔོན་དུ་ཚོང་རྒྱག་མཁན་མང་བ་དང་བྲེལ་བ་ཆེ་བ། མཛད་སྤྱོད་པར་ཞིབ་བཤེར་དང་ཚོད་ལྟ་བྱེད་ཁོམ་མེད་པའི་སྐབས་དང་བསྟུན་ནས་རྫུན་རྫུས་ཞན་གསུམ་གྱི་དངོས་པོ་མང་པོ་བཙོང་བཞིན་ཡོད་པ་རེད།
བཟའ་བཏུང་གི་ཕྱོགས་ནས་ཞུ་གཏུག་བྱེད་པ་གཙོ་བོ་ཟ་ཁང་གིས་རུལ་བའམ་ངོ་བོ་འགྱུར་བའི་ཟ་མ་བཙོང་བའམ་བཏུང་ཆས་དཀར་ཡོལ་སོགས་གཙང་མ་མིན་པ་དང་དུག་སེལ་བྱས་མེད་པ་བཅས་ཀྱིས་མཛད་སྤྱོད་པ་རྣམས་ཀྱིས་ཟ་མ་ཟོས་རྗེས་སྐྱུག་མེར་ལངས་པ་དང་སྐྱུག་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་དང་ཐ་ན་སྲོག་ཉེན་ལ་ཐུག་པའང་ཡོད། ལོ་རེའི་ལོ་སར་སྐབས་སུ་ཟ་ཁང་དུ་སོང་ནས་ཟ་མ་ཟོས་ཏེ་ཟས་དུག་ཕོག་ནས་སྨན་ཁང་དུ་ཡོང་མཁན་མང་པོ་ཡོད། ཟ་ཁང་ཁ་ཤས་ཀྱི་ཞབས་ཞུ་མངོན་གསལ་གྱིས་ཇེ་ཞན་དུ་སོང་སྟེ། ཞབས་ཞུ་བའི་མི་འདང་བ་དང་ཞབས་ཞུ་མི་ལེགས་པ། ཞབས་ཞུའི་རྣམ་འགྱུར་མི་བཟང་བ། རིན་གོང་རྩིས་རྒྱག་སྐབས་བསམ་བཞིན་འཆུག་ཏུ་བཅུག་ནས་གོང་མཐོན་པོ་ལེན་པ་སོགས་ཀྱི་སྣང་ཚུལ་ཡོད་པ་རེད།
གནས་སྐོར་གྱི་ཕྱོགས་སུ་ཞུ་གཏུག་བྱེད་པ་གཙོ་བོ་གནས་སྐོར་ཁང་གིས་གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་སྒོར་མོ་བསྡུས་ཏེ་གནས་སྐོར་བྱེད་སྐབས་གནས་སྐོར་མཛེས་ལྗོངས་ཁ་ཤས་སུ་མི་ཁྲིད་པར་གནས་མཇལ་བྱེད་ས་ཇེ་ཉུང་དུ་གཏོང་བ་རེད། དཔེར་ན་ཉིན་བཞི་ཡི་གནས་སྐོར་ལམ་ཐིག་དེ་ཉིན་གསུམ་ལ་ཇེ་ཉུང་དུ་གཏོང་བ། སྐར་བཞི་རིམ་པའི་མགྲོན་ཁང་དེ་མགྲོན་ཁང་དཀྱུས་མ་རུ་བསྒྱུར་བ། གནས་སྐོར་ཁང་ཁ་ཤས་ཀྱི་ཞབས་ཞུ་བའི་སྤུས་ཚད་དམའ་བ་དང་ཞབས་ཞུའི་རྣམ་འགྱུར་མི་བཟང་བ། ཁ་ཤས་ཀྱིས་རྩ་བ་ནས་སྣེ་ཤན་པའི་ནུས་པ་འདོན་མི་ཐུབ་ལ། གནས་སྐོར་པ་རྣམས་ཁོ་ཚོས་གཏན་འཁེལ་བྱས་པའི་ཚོང་རར་ཁྲིད་དེ་བཟོ་རྩལ་ཐོན་རྫས་དང་དྲན་རྟེན་དངོས་རྫས། ས་གནས་དེའི་ཁྱད་ཐོན་དངོས་རྫས་སོགས་ཉོ་རུ་འཇུག་པར་འབད་བཞིན་ཡོད། གནས་སྐོར་ཁང་ཁ་ཤས་ཀྱིས་མཛད་སྤྱོད་པས་ཞུ་གཏུག་བྱས་ན་ཁ་ཡག་མགོ་སྐོར་གཏོང་བ་དང་འགན་ཁག་གཞན་ལ་འགེལ་བ། དེར་མཐུད་ནས་སྤྱི་གཉེར་བ་མེད་པར་ཁ་གཡར་ནས་འགོར་འགྱངས་བྱས་ནས་གནད་དོན་ཐག་གཅོད་མི་བྱེད་པ་རེད། དེ་བས་ལོ་སར་སྐབས་སུ་ཚོང་རྒྱག་དུས་ཡིད་ཆེས་བྱས་ཆོག་པ་དང་དངོས་ཤུགས་ཡོད་པའི་གནས་སྐོར་ཁང་འདེམས་པ་དང་། ཟས་རིགས་ཉོ་སྐབས་དུས་ཡུན་འགོར་ཡོད་མེད་དང་རུལ་ཡོད་མེད་ལ་བལྟ་བ། ཟ་ཁང་ནས་ཟ་མ་ཟ་སྐབས་བཟའ་བཏུང་འཕྲོད་བསྟེན་ལ་མཉམ་འཇོག་བྱེད་དགོས་པ་དང་། རང་ཉིད་ཀྱི་ཁེ་ཕན་ལ་གནོད་པའི་གནས་ཚུལ་ལ་འཕྲད་ན་ཞུ་གཏུག་བྱེད་དགོས།
ལོ་ཙཱ་བ། འབྲུག་མོ།