མཚོ་སྔོན་འགོག་སྨནAppདངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས་ནས་འགོག་སྨན་རྒྱག་པར་སྟབས་བདེ་བཟོས།
2021.02.03 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 20

ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་རིམས་འགོག་འཆར་འགོད་ཆ་འཕྲིན་དོ་དམ་མ་ལག་གི“མཚོ་སྔོན་འགོག་སྨནApp”ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས། དེས་རྒྱ་ཆེའི་མང་ཚོགས་ལ་འགོག་སྨན་གྱི་གནད་འཁེལ་སྔོན་མངགས་དང་། འགོག་སྨན་ཆ་འཕྲིན་འདྲི་རྩད། འགོག་སྨན་རྒྱག་ཡུལ་འདྲི་རྩད། བུ་བཅོལ་སློབ་ཞུགས་འདྲི་རྩད། འགོག་སྨན་སྨན་ཁབ་ཁུངས་འདེད། སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་སོགས་མི་གཤིས་དང་མཐུན་པའི་དམངས་ཕན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་དམངས་ལ་སྟབས་བདེ་དང་སྤུས་ལེགས། ཕན་འབྲས་ཆེ་བའི་འགོག་སྨན་ཞབས་ཞུ་མཁོ་འདོན་བྱ་ཆེད། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་མཉམ་འབྲེལ་མ་ལག་འཛུགས་སྐྲུན་ཕྱོགས་དང་མཉམ་དུ“མཚོ་སྔོན་འགོག་སྨནApp”སྤྱི་སྟེགས་གསར་སྤེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་རིམས་འགོག་འཆར་འགོད་ཆ་འཕྲིན་དོ་དམ་དང་རིམས་འགོག་སྨན་ཁབ་ཁུངས་འདེད་སོགས་ཀྱི་ནུས་པ་དང་ཆུ་ཚད། འགོག་སྨན་རྒྱག་པའི་ཞབས་ཞུའི་སྤུས་ཚད་བཅས་མཐོ་རུ་བཏང་བ་རེད། སྤྱི་དམངས་ཀྱིས་ཨན་ཀྲོའོ་མ་ལག་གི་ཞའོ་མིས་དང་ཧྭ་ཝུའེ་ཉེར་སྤྱོད་ཁྲོམ་ར། ཀུ་ཤུStoreབཅས་བརྒྱུད་མི་སྒེར་གྱི་ཆ་འཕྲིན་ཕབ་འཇུག་གཏན་འཁེལ་བྱས་ཏེ་འབྲེལ་ཡོད་སྨན་ཁབ་རྒྱག་པ་དང་སྔོན་མངགས་འདྲི་རྩད་སོགས་བྱས་ཆོག

རིམས་འགོག་འཆར་འགོད་ཆ་འཕྲིན་དོ་དམ་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། 2020ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་འཛུགས་སྐྲུན་མ་དངུལ་སྒོར་ས་ཡ་བཞི་གཤམ་སྤྲོད་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་རིམས་འགོག་འཆར་འགོད་ཆ་འཕྲིན་དོ་དམ་མ་ལག་འཛུགས་སྐྲུན་ཐད་སྤྱད། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་མ་ལག་དེ་རྒྱལ་ཁབ་ཀྱི་སྔོན་འགོག་སྨན་ཁབ་ཆ་འཕྲིན་ཁུངས་འདེད་དོ་དམ་གྱི་འབྲེལ་ཡོད་བླང་བྱ་ལྟར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་མ་ལག་གི་སྟེགས་བུ་དང་རྒྱལ་ཁབ་རིམས་འགོག་འཆར་འགོད་ཆ་འཕྲིན་དོ་དམ་མ་ལག་ལ་བདེ་བླག་ངང་སྦྲེལ་མཐུད་ཐུབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིམས་ནད་ཚོད་འཛིན་སྒྲིག་གཞི་དང་སྨན་ཁབ་རྒྱག་མཁན་ལས་ཁུངས་ཀྱིས་དྲ་ཐོག་བཀོད་སྐྱོད་ཐུབ་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་མ་ལག་འཛུགས་སྐྱོང་གི་དམིགས་ཚད་བླང་བྱའི་ཚད་གཞིར་སླེབས་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།