མཚན་མོར་གཉིད་ཆག་ན་ནད་རིགས་མང་པོ་འབྱུང་སྲིད།
2021.03.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 29

རང་གིས་ལུས་པོར་མི་གཅེས་ན། ལུས་ཕུང་གིས་ཀྱང་ཁྱོད་ལ་གཅེས་མི་སྲིད།

རྒྱུན་པར་མཚན་མོར་དུས་ལྟར་མི་གཉིད་པར་ཡུན་རིང་གཉིད་ཆག་ན་ནད་རིགས་འདི་དག་འབྱུང་སླ་སྟེ།

གཅིག གཅིན་སྙི་ཟགས་ཁུའི་ནད་འབྱུང་སླ་བ།

གསང་རྒྱུད་ཟགས་གཤེར་ཚན་ཁག་གི་ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། མི་མང་པོ་ཞིག་དགོང་མོ་ཉལ་འཕྱི་བ་དང་དུས་ལྟར་ངལ་གསོ་བྱེད་ཀྱིན་མེད་པས། གཅིན་སྙི་ཟགས་ཁུའི་ནད་ཕོག་ཚད་མང་དུ་འགྲོ་བཞིན་ཡོད་པ་དང་། གཅིན་སྙི་ཟགས་ཁུའི་ནད་རིགས་ཡོད་པའི་མི་ཞིག་ཡིན་ཚེ། གལ་ཏེ་རྒྱུན་དུ་དགོང་མོ་ཉལ་འཕྱི་བ་དང་དུས་ལྟར་ངལ་གསོ་མ་བྱས་ན། གཅིན་སྙི་ཟགས་ཁུའི་ནད་འབྱུང་བའི་ཚད་ཇེ་མཐོར་འགྲོ་ངེས་རེད། དེ་ནི་ས་བོན་ལ་ཁོར་ཡུག་འོས་འཚམ་ཞིག་འཕྲད་པ་དང་མགྱོགས་པོར་མྱུ་གུ་སྐྱེས་བ་དང་མཚུངས་ཟེར།

གཉིས། ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བ།

སེམས་ནད་ཚན་ཁག་གི་སྨན་པས་ཞིབ་འཇུག་བྱས་པ་ལས། དུས་ཡུན་རིང་པོར་དགོང་མོ་ཉལ་འཕྱི་བ་དང་། མཚན་མོར་ངལ་མི་གསོ་བ། གཉིད་མི་ཁུག་པ་བཅས་ནི་ཁྲག་ཤེད་མཐོ་བའི་ནད་གཞི་སློང་བྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། དེ་བས་མཚན་མོར་དུས་ལྟར་ངལ་མི་གསོ་བའི་མི་རྣམས་ལ་གློ་བུར་རང་བཞིན་གྱི་ཀླད་སྙིང་ཁྲག་རྩའི་ནད་སྣ་ཚོགས་འབྱུང་ཚད་མངོན་གསལ་སྒོས་ཇེ་མང་དུ་གྱུར་ནས་གློ་བུར་དུ་འཆི་བའི་ཉེན་ཁའང་འབྱུང་སྲིད།

གསུམ། སྐྲན་ནད་སློང་བའི་ཉེན་ཁ་ཆེ་བ།

མི་ལུས་ཀྱི་རིམས་འགོག་གྲུབ་རྫས་མང་ཆེ་བ་གཉིད་ཡོད་པའི་དུས་སུ་འགྲུབ་ཀྱིན་ཡོད་ལ། དུས་ཡུན་རིང་བོར་ཉལ་འཕྱི་བའམ་ངལ་གསོ་ཉུང་ན་རིམས་འགོག་ནུས་པ་ཇེ་དམའ་རུ་འགྲོ་བ་དང་། ངལ་དུབ་དང་ལུས་སྟོབས་མེད་པ། ཆམ་ནད་ཡང་འབྱུང་སླ།

རིམས་འགོག་ནུས་བ་ནི་མིའི་ལུས་ཕུང་གིས་སྐྲན་ནད་འགོག་པའི་རང་བྱུང་གི་འགོག་ཡོལ་ཞིག་ཡིན་ལ། རིམས་འགོག་ནུས་བ་ཇེ་དམའ་རུ་སོང་ན་སྐྲན་ནད་འབྱུང་ཚད་ཇེ་མཐོར་འགྲོ་སྲིད། ཞིབ་འཇུག་མང་བོའི་ཐོག་ནས་མཚན་མོར་ངལ་གསོ་ཉུང་བ་དེ་ནུ་མའི་འབྲས་སྐྲན་དང་རྒྱུ་མའི་འབྲས་སྐྲན་སོགས་ནད་རིགས་ཕོག་ཚད་མཐོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ར་འཕྲོད་བྱུང་ཡོད།

དཔེར་ན། བུད་མེད་རྣམས་དུས་ཡུན་རིང་བོར་མཚན་མོར་གཉིད་ཆག་ན་ཟླ་མཚན་འཁྲུག་པ་དང་། བྱིས་པ་རྣམས་དུས་ཡུན་རིང་བོར་མཚན་མོར་གཉིད་ཆག་ན་འཚར་ལོངས་སྐུལ་རྒྱུའི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་ཏེ། འཚར་ལོངས་འབྱུང་བའི་ཐད་ཀྱི་གནད་དོན་མང་པོ་འབྱུང་སྲིད། ཕོ་རྒྱུ་མི་བཟང་བ་དང་མཆིན་ནད་ཡོད་པའི་མི་མཚན་མོར་དུས་ལྟར་ངལ་གསོ་མ་བྱས་ཚེ། ནད་གཞི་ཇེ་ལྗིར་འགྲོ་ལ། ནད་གཞི་ཚབས་ཆེན་ཡིན་ཚེ་ད་དུང་དེ་ལས་ལྡོག་སྟེ་གཉིད་ལོག་པའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཏེ། ཕོ་རྒྱུ་དང་མཆིན་པའི་བདེ་ཐང་སྔར་བས་ཇེ་སྡུག་ཏུ་འགྲོ་ངེས།

བཞི། དབང་རྩ་ཉམས་སྲིད།

མིའི་ཚོར་འགྲིམ་ནི་མཚན་མོར་ངལ་གསོ་བ་དང་ཉིན་དཀར་ངར་ལངས་བ་ཡིན། འདི་ལྟར་བྱས་ན་ད་གཟོད་མིའི་ཉིན་གཅིག་གི་བྱ་བར་རོགས་འདེགས་བྱ་ཐུབ། འོན་ཀྱང་མཚན་མོར་གཉིད་མ་ཁུག་པར་བསྡད་ཚེ་ཚོར་འགྲིམ་མཚན་མོར་ངར་ལངས་བ་ཡིན།

དགོང་འཕྱི་ཉལ་བྱས་ནས་མཚན་མོར་ངལ་གསོ་བཟང་པོ་བྱེད་མ་ཐུབ་ཚེ། ཉིན་གཉིས་པར་ཚོར་འགྲིམ་དབང་རྩར་ངར་སེམས་སྐྱེད་དཀའ་བ་དང་མི་ལ་ལུས་སྟོབས་མེད་པ། མགོ་འཐིབས་པ། དྲན་ཤེས་ཞན་པ། རིག་པ་སྒྲིམ་མི་ཐུབ་པ། ཚོར་བ་རྟུལ་བ། བརྗེད་སླ་བ། དེ་བཞིན་མགོ་ཡུ་འཁོར་བ། མགོ་ན་བ་སོགས་ཀྱི་ཚོར་སྣང་འབྱུང་སྲིད། དུས་ཡུན་རིང་ཚེ་ད་དུང་དབང་རྩ་ཉམས་པ་དང་། གཉིད་མི་ཁུག་པ་སོགས་དེ་བས་ཚབས་ཆེར་འགྲོ་བའི་གནད་དོན་ཐོན་སྲིད།

ལྔ། བུ་སྐྱེའི་ནུས་བ་ཉམས་ཞན་དུ་འགྱུར་སྲིད།

བུ་བཙའི་ལོ་ཚད་ལ་སླེབས་པའི་སྐྱེས་པ་དང་བུད་མེད་རྣམས་རྒྱུན་དུ་དགོང་མོར་ཉལ་འཕྱི་བ་དང་མཚན་མོར་དུས་ལྟར་ངལ་གསོ་ལེགས་པོ་བྱེད་མ་ཐུབ་ཚེ་སྐྱེས་པའི་ཁམས་རྡུལ་གྱི་འགུལ་སྐྱོད་ནུས་པ་དང་གྲངས་འབོར་ལ་ཤུགས་རྐྱེན་ཐེབས་སྲིད།  བུད་མེད་ཀྱི་སྐུལ་རྩིའི་ཟགས་ཐོན་དང་ཁམས་དམར་གྱི་སྤུས་ཀར་ཡང་ཤུགས་རྐྱེན་ཐེབས་སྲིད་ལ། ཟླ་མཚན་འཁོར་ཡུན་ལའང་ཤུགས་རྐྱེན་ཐེབས་སྲིད།

དྲུག  མིག་ཤེད་ཀྱི་ནུས་པ་ཉམས་ཞན་དུ་གྱུར་ཏེ་མིག་སྐམ་པོར་ཆགས་སྲིད།

དགོང་འཕྱི་ཉལ་དང་མཚན་སྐྱེལ་བས་མིག་མཐའ་ནག་པོ་ཆགས་པ་ཁོ་ན་ཙམ་མིན། དུས་ཡུན་རིང་བོའི་ནང་དུ་མིག་དབང་བཀོལ་བས་མིག་ལ་ན་ཟུག་སྐྱེ་བ་དང་སྐམ་ཤས་ཆེ་བ་སོགས་ཀྱི་གནད་དོན་འབྱུང་སྲིད་ལ། ཐ་ན་མིག་སྐམ་ནད་ཀྱང་འབྱུང་སྲིད།

དེ་ལས་གཞན། ད་ལྟ་ན་གཞོན་མང་པོ་ཞིག་མ་ཉལ་གོང་ཁ་པར་རྩེད་པའི་གོམས་གཤིས་ལྡན་པ་དང་། དེས་མིག་གི་ཤ་གནད་ལ་ངལ་དུབ་ཆེར་བསྐྱེད་དེ་མིག་ཤེད་འགྲིབ་འགྲོ། དུས་ཡུན་རིང་བོར་མཚན་བསྐྱལ་ནས་ངལ་དུབ་ཆེན་པོ་བྱུང་ན། ལྟེ་བའི་མཐོང་བྱེད་དྲ་སྐྱིའི་གཉན་ཚད་བསླང་སྟེ་མིག་ཤེད་ལྷག་ཏུ་འགྲིབ་འགྲོ།

བདུན། སྤྱི་པགས་སྟེང་ནག་ཐིག་མངོན་སླ།

དགོང་མོའི་ཆུ་ཚོད་བཅུ་གཅིག་ནས་ཕྱི་ཉིན་ཐོ་རེངས་ཆུ་ཚོད3པའི་བར་ནི་མཛེས་བ་སླར་གསོའི་དུས་ཚོད་ཡིན་ལ་མི་ལུས་ཀྱི་རླུང་རྩ་མཁྲིས་བ་དང་མཆིན་པར་འཁོར་སྐྱོད་བྱེད་པའི་དུས་ཚོད་ཀྱང་ཡིན། གལ་ཏེ་དབང་བོ་འདི་གཉིས་ལ་ངལ་གསོ་ལེགས་པོ་ཞིག་མ་བྱས་ན། ཤ་པགས་སྟེང་དུ་ནག་ཐིག་མངོན་ཞིང་རྩུབ་ཤས་ཆེ་བ་དང་། ངོ་མདོག་སེར་པོར་འགྱུར་བ། ནག་ཐིག་བསྐྱེད་པ། ལང་ཚོའི་འབྲུམ་བུ་འབྱུང་བ་སོགས་ཀྱི་གནད་དོན་འབྱུང་སླ་བ་རེད།

བརྟག་དཔྱད་བྱས་པ་ལྟར་ན། རང་རྒྱལ་དུ་མི་དུང་ཕྱུར་གསུམ་ལྷག་ལ་དགོང་མོར་དུས་ལྟར་མི་གཉིད་པའི་འཚོ་བའི་གོམས་གཤིས་ལྡན།  དུས་ཡུན་རིང་པོར་མཚན་མོར་གཉིད་ཆག་ན་ནད་རིགས་མང་པོ་སློང་སྲིད་པས། དུས་ལྟར་གཉིད་ནས་ངལ་གསོ་ལེགས་པོ་བྱེད་པའི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་རྒྱུ་གལ་ཆེ།། 

རྩོམ་སྒྲིག་པ། འབྲུག་མོ།