དཔྱིད་དུས་བཏུམས་ན་ལེགས།
2021.03.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

དཔྱིད་དུས་བཏུམས་ན་ལེགས་ཟེར་བ་ནི་དཔྱིད་དུས་ནམ་ཟླ་ཇེ་དྲོར་འགྲོ་མགོ་བརྩམས་མ་ཐག་ལྭ་བ་ཇེ་སྲབ་ཏུ་གཏོང་མི་རུང་ཟེར་བ་དེ་ཡིན། དགུན་དུས་སྲིང་བལ་ཅན་གྱི་ལྭ་བ་གྱོན་པས། ལུས་སྟེང་གི་དྲོད་ཕྱིར་འདོན་ཚད་དང་དགུན་དུས་ཀྱི་ཁོར་ཡུག་གི་དྲོད་ཚད་གཉིས་ཕན་ཚུན་མཉམ་པོར་གནས་ཡོད་པ་རེད། དགུན་རྫོགས་ནས་དཔྱིད་མགོ་ཚུགས་པའི་སྐབས་སུ་ནམ་ཟླ་ཇེ་དྲོར་སོང་ཡོད་རུང་གནམ་གཤིས་ལ་ད་དུང་འགྱུར་ལྡོག་ཆེ་བས། ཉིན་དཀར་དྲོ་བ་དང་ནངས་དགོང་འཁྱགས་པའི་དཔྱིད་དུས་སུ་སྔ་མོ་ནས་སྲིང་བལ་ཅན་གྱི་ལྭ་བ་ཕུད་ཚེ་ནད་སྲིན་སྣ་ཚོགས་ལུས་སྟེང་ལ་འཛུལ་ནས་དབུགས་ལམ་མ་ལག་ལ་ནད་བསྐྱེད་པ་དང་འགོས་ནད་འབྱུང་སླ་བ་རེད། དེའི་ཕྱིར་དཔྱིད་དུས་བཏུམས་ན་ལེགས་ཟེར་བ་ཡང་དེའི་དོན་དུ་ཡིན་ནོ། །

རྒྱུན་པར་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུར་དགའ་བའི་མི་ལ་མཚོན་ན། འགུལ་སྐྱོད་ལྭ་བ་ཚད་ལྡན་ཞིག་གདམ་གསེས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། ཕྱི་གོས་དང་ནང་གོས་གང་ཡིན་རུང་རྔུལ་ཆུ་ཕྱིར་འདོན་ཐུབ་པའི་རིགས་གདམ་དགོས། འགུལ་སྐྱོད་ཁྲོད་ལུས་སྟེང་ནས་རྔུལ་ཆུ་ཐོན་བཞིན་ཡོད་ལ། གལ་ཏེ་བརླན་སླ་བ་དང་སྐམ་མགྱོགས་པའི་ལྭ་བ་མ་གྱོན་ཚེ། རྔུལ་ཆུས་བརླན་པའི་ལྭ་བ་ལུས་སྟེང་དུ་འབྱར་ནས་མི་བདེ་བའི་ཚོར་བ་འབྱུང་སྲིད།

དབྱར་དགུན་སྟོན་དཔྱིད་གང་ཡིན་རུང་། ལུས་ཕུང་སྦྱོང་བརྡར་བྱེད་སྐབས་ལྭ་བ་འཇམ་ཞིང་ཡང་ལ་མཉེན་པ་དང་། ལྡེམ་ཤུགས་དང་དབུགས་རྒྱུ་ཐུབ་པ། མྱུར་མོར་སྐམ་ཐུབ་པ་ཞིག་ཡིན་དགོས། ང་ཚོས་མཉམ་འཇོག་བྱེད་དགོས་པ་ཞིག་ནི་སྲིང་བལ་རྐྱང་རྐྱང་གི་ནང་གོས་གྱོན་མི་རུང་། རྒྱུ་ཆ་སྲིང་བལ་ཡིན་པའི་ནང་གོས་ཀྱིས་ལུས་སྟེང་གི་རྔུལ་ཆུ་འབྱིན་ཐུབ་པ་བདེན་མོད། ལུས་སྟེང་གི་རྔུལ་ཆུ་ཕྱིར་འདོན་མི་ཐུབ་པར་ལུས་ལ་འབྱར་ནས་ལུས་པོའི་སྐྱི་པགས་རིམ་བཞིན་ཇེ་འཁྱག་ཏུ་འགྲོ་བ་དང་། ལུས་ཀྱི་དྲོད་ཚད་རྒྱུན་འཁྱོངས་བྱེད་མི་ཐུབ་པ་རེད། དྲོད་ཁྱད་ཧ་ཅང་ཆེ་བའི་སྟོན་དགུན་གྱི་དུས་སུ། རྒྱུ་ཆ་སྲིང་བལ་རྐྱང་བ་ཡིན་པའི་ནང་གོས་གྱོན་ན་འགུལ་སྐྱོད་བྱེད་རྒྱུར་དགའ་བའི་མིའི་ལུས་པོ་ཇེ་འཁྱག་ཏུ་སོང་ནས་གྲང་འཁྱགས་རང་བཞིན་གྱི་ཆམ་ནད་དང་མགོ་བོ་ན་བ་སོགས་ཀྱི་ནད་འབྱུང་གིན་ཡོད། དེའི་ཕྱིར། ལུས་པོ་སྦྱོང་བརྡར་བྱེད་སྐབས་དུས་ཚིགས་དང་གནམ་གཤིས་ཀྱི་འགྱུར་བ་ལྟར་འགུལ་སྐྱོད་ལྭ་བ་གདམ་གསེས་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།