ཁ་པར་གྱི་སྟེང་དུ་མི་གཙང་བ་ཅི་ཙམ་ཡོད་པ་ང་ཚོའི་བློ་ཡུལ་དུ་ཤོང་དཀའ།
2021.03.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 41

པྲོག་དབྱིབས་ནད་དུག་གསར་བ་གང་སར་མཆེད་དང་བསྟུན་ནས།མི་རང་ཉིད་ཀྱི་ལག་པའི་གཙང་སྦྲ་ལ་ཀུན་གྱིས་དོ་སྣང་དང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། “ལག་པ་གཙང་མར་བཀྲུ་བ”དེའང་རིམ་བཞིན་གོམས་གཤིས་སུ་གྱུར་ཡོད། ང་ཚོའི་བྱ་བ་དང་འཚོ་བའི་ཁྲོད་ནམ་ཡང་འབྲལ་ཐབས་མེད་པའི་་ལག་ཁྱེར་ཁ་པར་ལ་མཚོན་ནའང་། དུས་ལྟར“སྲིན་སེལ་གཙང་འཁྲུ”བྱེད་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད།

ལག་ཏུ་བཟུང་བའི་ཁ་པར་སྟེང་འབུ་ཕྲས་བཀང་ཡོད།

ཀུན་གྱིས་མིའི་ལུས་ཕུང་གི་གྲུབ་ཆ་ལས་ཆེས་བཙོག་པའི་གནས་ནི་ལག་པ་ཡིན་པར་བཤད་ཅིང་། ང་ཚོའི་ལག་ཏུ་རྒྱུན་པར་བཟུང་ཡོད་པའི་ཁ་པར་གྱི་གཙང་སྦྲའི་གནས་ཚུལ་ནི་དེ་བས་ཀྱང་ཧ་ལས་པ་ཞིག་ཡིན་པ་ཤེས་ཀྱིན་མེད། སྨན་ཁང་ཞིག་གི་བརྟག་དཔྱད་མཇུག་འབྲས་ལས་མངོན་པ་ལྟར་ན། སྨན་བཅོས་མི་སྣ108ཙམ་གྱི་ལག་ཁྱེར་ཁ་པར་གྱི་ཕྱི་ངོས་སུ་ལི་མུས་གྲུ་བཞི་མ་རེར་འབུ་ཕྲ་འབུམ་གཅིག་དང་ཁྲི་གཉིས་ཙམ་གནས་པ་དང་། དེའི་ནང་ནད་བསྐྱེད་སྲིད་པའི་འབུ་ཕྲ 39ཙམ་ཡོད་པ་ཤེས།

ཉིན་གང་གི་བྲེལ་ཟིང་གི་ལས་ཀ་མཇུག་རྫོགས་རྗེས། ཁ་པར་སྟེང་་ཕྲ་སྲིན་མང་པོས་ཁེབས་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས། དེ་མ་ཐག་ཏུ་ཁ་པར་ལ་དུག་སེལ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་ཡིན།

ཚང་མར་དྲན་སྐུལ་བྱེད་དགོས་པ་ཞིག་ནི་ལག་ཁྱེར་ཁ་པར་ལ་དུག་སེལ་བྱེད་པའི་དུས་མཚུངས་སུ་ལག་པ་གཙང་མར་བཀྲུ་རྒྱུ་དེའང་བརྗེད་མི་ཉན།

བཟི་སྨན་ཚན་ཁག་གི་སྨན་པས་ཞིབ་འཇུག་ཅིག་གི་འབྲས་བུ་ལས་ཤེས་རྟོགས་བྱུང་བ་ལྟར་ན། དུག་སེལ་བྱས་རྗེས་ཀྱི་ལག་པས་སྐར་མ་གཅིག་ལ་ཁ་པར་བཏང་རྗེས། ལག་པའི་རྒྱ་ཁྱོན་གྱི་10%ལ་ནད་འབུས་སྦགས་བཙོག་བཟོས་ཡོད་པ་རེད། དེ་ལས་གཞན་སོ་ནད་ཚན་ཁག་གི་ལས་བཟོ་བའི་ཁྲོད་དུའང་ཚོད་ལྟ་ཐེངས་ཤིག་བྱས་པ་ནི། ཐོག་མར་ལག་ཁྱེར་ཁ་པར་ལ་དུག་སེལ་གཙང་མར་བྱས་པ་དང་། དེ་ནས་དུས་ཡུན་ཐུང་ངུའི་ཁ་པར་སྟབས་བདེ་ཞིག་བཏང་རྗེས། 50%ཡི་ཁ་པར་ལ་འབག་བཙོག་ཐེབས་ཡོད་པ་ཤེས་ལ། དེ་ལས53%ནི་ཀི་རམ་གདགས་གཤིས་སྲིན་དང་། 2%ནི་ཀི་རམ་སྲིབ་གཤིས་སྲིན། 3%ནི་སྨར་སྲིན་བཅས་རེད།

དེ་ཡང་གསལ་པོར་བཤད་ན། གཙང་མར་བཀྲུས་པའི་ལག་པས་ལག་ཁྱེར་ཁ་པར་ལ་རེག་ཚེ་ལག་པའི་སྟེང་དུ་འབུ་ཕྲས་ཁེངས་སྲིད་པ་དང་། གཙང་སེལ་བྱས་པའི་ལག་ཁྱེར་ཁ་པར་དེའང་ལག་པ་མ་བཀྲུས་པར་རེག་ཚེ་དེ་བཞིན་འབག་བཙོག་བཟོ་སྲིད་པས། ལག་ཁྱེར་ཁ་པར་ལ་དུག་སེལ་བྱེད་པའི་དུས་མཚུངས་སུ་ལག་པ་གཙང་མར་བཀྲུ་རྒྱུ་དེ་ཉིན་རྒྱུན་འཚོ་བའི་ཁྲོད་ཚང་མས་ཤེས་དགོས་པའི་གནད་དོན་ཞིག་ཡིན།

ཅི་ཞིག་བཀོལ་ནས་ཁ་པར་ལ་དུག་སེལ་བྱེད་དགོས་ཤེ་ན། ལག་པ་དུག་སེལ་བྱེད་སྤྱད་ཀྱི་གཤེར་ཁུ་དང་སྤྱིར་བཏང་གི་ལག་ཕྱིས་རློན་པ།75%ཅན་གྱི་ཕྲུན་ཁ་བ་བཅས་ཚང་མ་བཀོལ་ཆོག

ལག་པ་དུག་སེལ་བྱེད་སྤྱད་ཀྱི་གཤེར་ཁུ་ཡི་ཕན་ནུས་ལྡན་པའི་གྲུབ་ཆ་གཙོ་བོ་ནི་རྒུན་ཧྭགས་སྐྱུར་ཁྲུས་པའེ་ཐའེ་(葡萄糖酸洗必泰)དང་ཕྲུན་ཁ་པ་ཡིན་ལ། དེའི་ནང་རྒུན་ཧྭགས་སྐྱུར་ཁྲུས་པའེ་ཐའེ་ཡི་འདུས་ཚད་ནི་0.9%-1.1%དང་། ཕྲུན་ཁ་པའི་འདུས་ཚད་ནི་54.9%ནས་66.9%ལ་སླེབས་ཡོད་ཅིང་།དེ་ལ་རྒྱུ་ལམ་ནད་སྐྱེད་སྲིན་དང་། རྣག་འགྱུར་རང་བཞིན་གྱི་ཟླུམ་སྲིན། ནད་སློང་རང་བཞིན་གྱི་ཕབས་སྲིན་སོགས་གསོད་པའི་ནུས་པ་ལྡན།

སྤྱིར་བཏང་གི་ཤོག་ཕྱིས་རློན་པ་བཀོལ་ནས་ལག་པར་དུག་སེལ་བྱེད་ཆོག་ཅིང་དུས་མཚུངས་སུ་དུག་སེལ་རས་རློན་བཀོལ་ནའང་ཆོག

75%ཅན་གྱི་ཆང་བཅུད་ཚང་མས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་ཀྱིན་ཡོད་ཅིང་དེ་ལག་ཏུ་ཐོབ་སླ་བ་མ་ཟད། དེར་པྲོག་དབྱིབས་ནད་དུག་གསར་བ་འཇོམས་པའི་ནུས་པ་(灭活作用)ལྡན་པས། བཀོལ་སྤྱོད་བྱེད་པར་ཧ་ཅང་འཚམ།

གལ་ཏེ་ཁྱིམ་དུ་གོང་གི་དུག་སེལ་དངོས་བོ་དག་མེད་ན་ཇི་ལྟར་བྱ་དགོས་སམ་ཞེ་ན། བྱ་ཐབས་མེད་པའི་གནས་ཚུལ་འོག་ཏུ་རླུང་སྣུམ(风油精)གྱིས་ཀྱང་ཚབ་བྱས་ཆོག

“སྲིན་སེལ་གཙང་འཁྲུ” ཅི་ལྟར་བྱེད་དགོས་སམ།

མི་ལ་ལས་ཉིན་རེར་ཁ་པར་གཙང་མར་ཕྱིས་བཞིན་ཡོད་ན་ཡང་། ཁ་པར་ལ་དུག་སེལ་བྱེད་མཁན་ཧ་ཅང་ཉུང་བ་དང་། ཡང་ན་གློ་བུར་དུ་དུག་སེལ་བྱེད་རྒྱུ་སེམས་ལ་དྲན་ནའང་དུག་སེལ་ཐེངས་གཅིག་བྱེད་པ་ལས་དུས་ངེས་གཏན་དུ་དུག་སེལ་བྱེད་པའི་གོམས་གཤིས་ཤིག་ཆགས་མེད།

འོན་ཀྱང་ཚང་མས་ཤེས་རྒྱུ་ཞིག་ལ། དུག་སེལ་ཐེངས་གཅིག་བྱས་ན་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་མི་ཐུབ་པ་དང་། མཚམས་རེར་དུག་སེལ་ཐེངས་གཅིག་བྱས་ནའང་དོན་སྙིང་ཆེན་པོ་མེད་པས། ལག་ཁྱེར་ཁ་པར་གྱི་ཕྱི་ངོས་ལ་ནད་འབུ་མང་པོ་རིམ་གྱིས་གསོག་འཇོག་བྱེད་ཀྱིན་ཡོད། དེར་བརྟེན་དུས་ལྟར་ལག་ཁྱེར་ཁ་པར་ལ་“སྲིན་སེལ་གཙང་འཁྲུ”བྱེད་རྒྱུ་ནི་གནད་ཤིན་ཏུ་ཆེ་བ་ཞིག་རེད།

དེ་ན་ “སྲིན་སེལ་གཙང་འཁྲུ” ཅི་ལྟར་བྱེད་དགོས་ཤེ་ན། ཁ་པར་གཙང་མར་ཕྱིས་ནས་དུག་སེལ་མ་བྱས་བའི་སྔོན་ལ་ལག་པ་གཙང་མར་བཀྲུ་དགོས་པ་དང་། “སྲིན་མེད་བཀོལ་སྤྱོད”ཀྱི་བླང་བྱ་ལྟར་ཁ་པར་གྱི་ཕྱི་ཤུན་བླངས་རྗེས། རེ་རེ་བཞིན་ཕྱིས་དགོས་བ་དང་། མཐར་ཟུར་བཞི་དང་མཐའ་སྒྲོམ་ཕྱིས་པ་ལས། གང་བྱུང་དུ་ཕྱིས་མི་ཉན་ལ། གཙང་ཕྱིས་བྱས་ཚར་རྗེས་སླར་ཡང་ལག་པ་གཙང་མར་བཀྲུ་དགོས།

ལག་ཁྱེར་ཁ་པར་གཙང་མར་ཕྱིས་ནས་དུག་སེལ་བྱས་རྗེས་དུས་ཐོག་ཏུ་ཕྱིས་དགོས། དེ་མིན་དུག་སེལ་གཤེར་ཁུའམ་ཆང་བཅུད་དེ་ཁ་པར་གྱི་ལྷུ་ལག་ནང་བཞུར་ནས་ཁ་པར་གྱི་ནུས་པར་ཤུགས་རྐྱེན་ཐེབས་སྲིད།

མི་ལ་ལས་དུག་སེལ་གཤེར་ཁུའམ་ཆང་བཅུད་ལག་ཁྱེར་ཁ་པར་གྱི་ནང་དུ་ཐིམ་པའི་རྗེས་སུ་ལག་ཁྱེར་ཁ་པར་ཉི་མའི་འོག་ཏུ་བཞག་སྟེ་ཉི་མར་སྐེམ་པར་བྱེད་པ་འདི་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་ཡིན།

ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱེད་སྐབས་མ་གཞི་ནས་དྲོད་ཚད་ངེས་ཅན་ཞིག་ཐོན་བཞིན་ཡོད་ལ། ཉི་མར་ལྡེ་ཚེ་དྲོད་ཚད་མཐོ་དྲགས་ནས་ཁ་པར་གྱི་སྤྱོད་ཡུན་ལ་གནོད་པ་བཟོ་སྲིད་པ་རེད།

དེར་མ་ཟད། མི་ལ་ལ་ཞིག་གིས་ད་དུང་ཁ་པར་ལ་སྦགས་བཙོག་མི་ཡོང་བའི་ཆེད་དུ་གཅིག་སྤྱོད་རང་བཞིན་གྱི་རྡུལ་འགོག་ཁུག་མ་བཀོལ་བཞིན་ཡོད་ཅིང་ཐབས་འདི་ནི་སྟབས་བདེ་ལ་ནུས་པའང་ཡོད་མོད། འོན་ཀྱང་དེ་ལྟར་ཡིན་ནའང་ལག་ཁྱེར་ཁ་པར་ལ་དུས་ལྟར་དུ་དུག་སེལ་བྱེད་རྒྱུ་སྔར་བཞིན་གལ་ཆེ།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

                                                                                                     ལོ་ཙཱ་བ། དངོས་སྦྱོང་སློབ་མ་བུན་ཁྲང་མཚོ།