སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མཱ་ཧྥུའུ་ཁྲང་དང་ཁུང་ཆིང་ཅུས། ཨ་ཧྲེང་ཆིང་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི“དྲ་སྦྲེལ+སྨན་བཅོས་བདེ་ཐང”འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བསྟན་དོན། ཆ་འཕྲིན་ཅན་འཛུགས་སྐྲུན་ནི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་གལ་ཆེན་ལ་མགྱོགས་མྱུར་སྒོས་ཁ་གཏད་གཅོག་པའི་རྨང་གཞིའི་ལྷུ་ཚིགས་ཤིག་རེད། 2020ལོར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ། རྒྱལ་ཁབ་ཀྲུང་ལུགས་སྨན་ལས་དང་སྨན་རྫས་དོ་དམ་ཅུའུ་བཅས་སྡེ་ཁག་གསུམ་གྱིས《“དྲ་སྦྲེལ+སྨན་བཅོས་བདེ་ཐང”དང“གཅིག་ཅན་ལྔའི”ཞབས་ཞུའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ། “དྲ་སྦྲེལ+སྨན་བཅོས་བདེ་ཐང”གི་དམངས་བདེ་དམངས་ཕན་ཞབས་ཞུ་གཏིང་ཟབ་སར་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དྲ་ཐོག་དང་དྲ་ཕྱིའི་སྨན་བཅོས་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་འཕྲོད་བསྟེན་བདེ་ཐང་དོ་དམ་དང་གཙོ་གནད་སྤྱི་པའི་འཕྲོད་བསྟེན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ཀྱི་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ཅན་གྱི་ལས་དོན་གྱིས་སྨན་བཅོས་བཅོས་བསྒྱུར་དང་འཕྲོད་བསྟེན་བྱ་གཞག་གི་གཙོ་གནད་ལས་དོན་གཏིང་ཟབ་ཏུ་སྤེལ་བར་དམིགས་ཤིང་། རྒྱལ་ཁབ་ཀྱི་སྤྱིའི་ཇུས་འགོད་དང་བཀོད་སྒྲིག་ལྟར་གཞི་རིམ་གྱི་འཕྲོད་བསྟེན་ཆ་འཕྲིན་ཅན་དང་སྨན་ཁང་ཆ་འཕྲིན་ཅན། ཁྱོན་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས། རྒྱང་ཁྲིད་སྨན་བཅོས་སོགས་ཀྱི་ལས་གཞི་བརྒྱུད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རིགས་ཀྱི་ཉེར་སྤྱོད་རྒྱ་སྐྱེད་པ། ཞབས་ཞུ་དང་དོ་དམ་གསར་གཏོད་འཚོལ་ཞིབ་བཅས་བྱས་ཏེ། དམངས་ཡོངས་ཀྱི་མི་གྲངས་དང་གློག་རྡུལ་ནད་ཐོ། གློག་རྡུལ་བདེ་ཐང་ཡིག་ཚགས་བཅས་གཞི་གྲངས་མཛོད་ཆེན་པོ་གསུམ་གྱི་འཛུགས་སྐྲུན་ལ་ཐོག་མའི་ལེགས་འགྲུབ་བྱུང་བ་དང་། རིམ་བཞིན་དམངས་ཡོངས་ཀྱི་མི་གྲངས་དང་སྤྱི་པའི་འཕྲོད་བསྟེན། གཞི་རྩའི་སྨན་བཅོས། སྨན་རྫས་དོ་དམ། ཕྱོགས་བསྡུས་དོ་དམ། གཅིག་འཐུས་རྩིས་རྒྱག་བཅས་རིགས་དྲུག་གི་ལས་སྒོའི་མ་ལག་སྡེབ་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱི་ལས་སྟེགས་དང་ཞིང་ཆེན་ནང་ཁུལ་གྱི་གཞུང་གཉེར་སྨན་ཁང་། གཞི་རིམ་འཕྲོད་བསྟེན་ལས་ཁུངས་བཅས་དང་ཕན་ཚུན་འཕྲོད་མཐུན་གྱི་འཛུགས་སྐྲུན་བྱས་ཡོད། འོན་ཀྱང་མ་དངུལ་དཀོན་པ་དང་རྨང་གཞི་ཞན་པ་སོགས་རྒྱུ་རྐྱེན་མང་པོར་བརྟེན་རྒྱལ་ཁབ་ཀྱི་བླང་བྱ་དང་མཐའ་འཁོར་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེན་པོ་ཡོད། འཕྲོད་བསྟེན་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་རྗེས་ལུས་ཚབས་ཆེན་ཡིན་པས། དེ་ནི་འཕྲོད་བསྟེན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ལས་དོན་གཏིང་ཟབ་ཏུ་སྤེལ་བར་ཚོད་འཛིན་ཐེབས་པའི་འགག་རྩའི་གནད་དོན་གཙོ་བོར་གྱུར་ཡོད། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་གྱི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ཅན་གྱི་རྨང་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་ཀྱི་ཚགས་དམ་པའི་སྨན་བཅོས་གཅིག་མཐུན་འདུས་གྲུབ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རིག་ནུས་སྨན་ཁང་གི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་གྲོས་གཞི་བཏོན། །
རྩོམ་སྒྲིག་པ། འབྲུག་མོ།