རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《ཉིས་སྟོང་ཉི་ཤུ་ལོའི་སྨན་བཅོས་འགན་སྲུང་ལས་དོན་འཕེལ་རྒྱས་བསྡོམས་རྩིས་འཕྲལ་འདོན་སྙན་ཞུ》ལས་མངོན་པ་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་བར་དུ། གཅིག་གྱུར་ཚད་གཞིའི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་དྲུག་ལ་སླེབས་པ་དང་། སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་ལྔའི་ཡན་དུ་སྲུང་འཛིན་བྱས་ཡོད།
དེའི་ཁྲོད་ལས་བཟོ་བའི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་དུང་ཕྱུར་གསུམ་དང་བྱེ་བ་བཞི་ལ་སླེབས་པ་དང་ལོ་སྔོན་མའི་དུས་མཉམ་ལས་མི་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་ཁྲི་བརྒྱད་ཙམ་ཇེ་མང་དུ་སོང་ཡོད་ཅིང་། འཕར་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་ལ་སླེབས། གྲོང་སྡེའི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་ཐེར་འབུམ་གཅིག་དང་བྱེ་བ་གཅིག་ས་ཡ་བདུན་ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས་མི་ཁྲི་བརྒྱད་དང་སྟོང་དྲུག་ཇེ་ཉུང་དུ་སོང་ཡོད་དེ་མར་ཆག་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་བརྒྱད་ཡིན། ལོ་ཧྲིལ་བོར་བུ་བཙའི་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་ལ་སླེབས་པ་དང་། དེ་ལོ་སྔོན་མའི་དུས་མཉམ་ལས་མི་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་གཉིས་ཁྲི་དགུ་ཙམ་ཇེ་མང་དུ་སོང་ནས་འཕར་ཚད་བརྒྱ་ཆའི་དགུ་དང་གྲངས་ཆུང་དགུ་ལ་སླེབས།
ལོ་ཧྲིལ་བོར་གཞི་རྩའི་སྨན་བཅོས་ཉེན་ཚབ་ཐེབས་རྩའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་ཁྲི་གཉིས་དང་བྱེ་བ་བཞི་ས་ཡ་དྲུག་ཡིན་པ་དང་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་གཉིས་དང་ས་ཡ་དགུ་ཙམ་ཡིན་ལ། ལོ་མཇུག་ཏུ་གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་(བུ་བཙའི་ཉེན་ཚབ་འདུས)བསྡོམས་རྩིས་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་གསུམ་དང་སྟོང་གཅིག་བཞི་བརྒྱར་ལ་སླེབས།
ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ་ལས་ཐོན་སླར་གསོ་ལ་རྒྱབ་སྐྱོར་བྱེད་པ་དང་། ལས་བཟོ་བའི་སྨན་བཅོས་འགན་སྲུང་ལས་ཁུངས་ཀྱིས་དུས་མཚམས་རང་བཞིན་གྱི་གྲོན་དངུལ་ཕྱེད་ཀར་གཅོག་པའི་དངུལ་སྤྲོད་བསྡུ་ལེན་བྱ་ཆེད། ཟླ་གཉིས་པ་ནས་ཟླ་བདུན་པའི་བར་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་ལས་ཁུངས་ས་ཡ་དགུ་དང་འབུམ་བདུན་ཁྲི་ལྔ་ལ་བསྡོམས་པས་སྒོར་དུང་ཕྱུར་སྟོང་གཅིག་དང་དྲུག་བརྒྱ་ཞེ་དགུ་ཕབ་གཅོག་བྱས་ཤིང་། དེའི་ཁྲོད་ཁེ་ལས་ལ་སྒོར་དུང་ཕྱུར་སྟོང་གཅིག་ལྔ་བརྒྱའི་ཡན་ཕབ་གཅོག་བྱས། ས་གནས་སོ་སོའི་སྨན་བཅོས་སྡེ་ཁག་གིས་པྲོག་གསར་གློ་ཚད་ནད་པའི་གནས་ཁེལ་སྨན་བཅོས་ལས་ཁུངས་ལ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་གོ་བཞི་རྩིས་སྤྲོད་བྱས་པ་དང་། ལོ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་ནད་པའི་སྨན་བཅོས་འགྲོ་སོང་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་བཞི་བསྡོམས་རྩིས་རྒྱབ། དེའི་ཁྲོད་སྨན་བཅོས་ཉེན་ཚབ་ཐེབས་རྩ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་གསུམ་གཏོང་སྤྲོད་བྱས། །
རྩོམ་སྒྲིག་པ། འབྲུག་མོ།