ཨ་སི་ཕི་ལིན(阿司匹林)ཞེས་པའི་སྨན་བསྟེན་སྐབས་ཀྱི་ཤེས་བྱ་འགའ།
2021.03.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 58

ཨ་སི་ཕི་ལིན(阿司匹林)ཞེས་པའི་སྨན་འདི་བསྟེནམཁན་ཧ་ཅང་མང་ཞིང་།  དུས་རྒྱུན་སྨན་འདི་ཇི་ལྟར་བསྟེན་པའི་ཐད་ཚང་མས་དོ་སྣང་བྱེད་ཀྱིན་པའི་གནད་དོན་ཅུང་མང་བས་གཤམ་དུ་དེའི་སྐོར་རྒྱུས་ལོན་རགས་ཙམ་བྱེད།

སྨན་བསྟེན་པའི་དུས་ཚོད་ལ་མཉམ་འཇོག་དགོས།

མིག་སྔར་ཀླད་སྙིང་ཁྲག་རྩའི་ནད་སྔོན་འགོག་བྱེད་པར་སྤྱོད་པའི་སྨན་ནི་ཞུ་སླ་བའི་ཨ་སི་ཕི་ལིན་ལེབ་མོ་ཡིན་ཞིང་། སྨན་རྫས་དེའི་ཕྱི་ངོས་སུ་སྐྱུར་བཟོད་ལ་བུལ་མི་ཐེག་པའི་ཕྱི་ཐུམ་ཅིག་ཡོད་པས་སྤྱིར་བཏང་དུ་རྒྱུ་ལམ་གྱི་བུལ་གཤིས་ཁྲོད་ད་གཟོད་ནུས་པ་ཐོན་ཐུབ་པས། ཕོ་བར་ཐད་ཀར་གནོད་པ་བཟོ་བ་ཇེ་ཆུང་དུ་གཏོང་ཐུབ། གལ་ཏེ་ཟ་མ་མ་ཟོས་སྔོན་གྱི་ལྟོ་སྟོང་གི་སྐབས་སུ་འཐུང་ཚེ། ཕོ་བའི་སྐྱུར་ཆུ་ཆེས་མང་པས་སྨན་རྫས་དེ་ཕོ་བའི་ནང་དུ་ཞུ་མི་སླ་བར་གཏོང་ཕུད་ཀྱི་མྱུར་ཚད་མགྱོགས་པས། ཕོ་བའི་འབྱར་སྐྱི་ལ་གནོད་འཚེ་མི་ཐེབས་པ་ཡིན། དེ་ལས་ལྡོག་སྟེ་ཟ་མ་ཟོས་རྗེས་འཐུང་ན། ཕོ་བའི་སྐྱུར་ཆུ་སླ་བོར་བཏང་ནས་ཕོ་བའི་ནང་གིphཚད་ཇེ་མཐོརགཏོང་སྲིད་ཅིང་། སྨན་རྫས་དེ་ཕོ་བའི་ནང་དུ་དེ་མ་ཐག་ཞུ་ནས་ ཕོ་བ་མི་བདེ་བའི་སྣང་ཚུལ་སློང་སྲིད། སྨན་རྫས་ཀྱི་གསལ་བཤད་ཡི་གེ་སྟེང་དུ་བཀོད་པ་ལྟར་ན། ཞུ་སླ་བའི་སྨན་རྫས་ཨ་སི་ཕི་ལིན་ལེབ་མོ་ནི་ཟ་མ་མ་ཟོས་སྔོན་ལ་འཐུང་ན་བཟང་བ་རེད། མིག་སྔར་སྤྱིར་བཏང་གི་སྨན་རྫས་བསྟེན་པ་ཧ་ཅང་ཉུང་མོད། གལ་ཏེ་སྤྱིར་བཏང་གི་སྨན་རྫས་ཡིན་ན་ཟ་མ་ཟོས་རྗེས་འཐུང་དགོས་ལ། ཨ་སི་ཕི་ལིན་ཟས་རིགས་དང་མཉམ་བསྲེས་བྱས་ཚེ་ཕོ་བའི་འབྱར་སྐྱི་ལ་ཐད་ཀར་ཐེབས་པའི་གནོད་འཚེ་ཇེ་ཉུང་དུ་གཏོང་ཐུབ་པ་རེད།

དེས་ན་སྨན་རྫས་དེ་ཞོགས་པར་འཐུང་ན་བཟང་ངམ་ཡང་ན་དགོང་མོ་འཐུང་ན་བཟང་བའི་གནད་དོན་འདི་ལ་《ཨ་སི་ཕི་ལིན་ནད་ཐོག་ཉེར་སྤྱོད་ཀྱི་ཀྲུང་གོའི་ཆེད་མཁས་པའི་ཐུན་མོང་གི་ངོས་འཛིན》དང་། ཁྲག་ཤེད་མཐོ་བ་དང་སྙིང་གཟེར་ནད་ཀྱི་ཆེད་མཁས་པའི་ཐུན་མོང་གི་ངོས་འཛིན་ཁྲོད་དུའང་དེ་ལ་གཏན་འཁེལ་གནང་མེད་པ་རེད།

ཆེད་མཁས་པ་ལ་ལས་སྨན་རྫས་དེ་དགོང་མོར་འཐུང་ན་བཟང་བར་བཤད། རྒྱུ་མཚན་ནི་ཀླད་སྙིང་ཁྲག་རྩའི་ནད་འབྱུང་སླ་བའི་དུས་ཚོད་ནི་ཕྱི་དྲོའི་དུས་ཚོད་དྲུག་ནས་ནམ་གུང་གི་དུས་ཚོད་བཅུ་གཉིས་བར་ཡིན་ལ། ཨ་སི་ཕི་ལིན་ཞེས་པའི་སྨན་དེ་འཐུང་རྗེས་ཀྱི་དུས་ཚོད་གསུམ་ནས་བཞིའི་ནང་ད་གཟོད་ནུས་པ་ཐོན་ཐུབ་པས། དགོང་མོར་འཐུང་ན་ཕན་ནུས་ལྷག་ཏུ་ཆེ་བ་རེད། ཡང་ཆེད་མཁས་པ་ལ་ལས་ཞོགས་པར་འཐུང་ན་བཟང་བར་བཤད་པའི་རྒྱུ་མཚན་ནི། ཞོགས་པར་འཐུང་ན་ཁྲག་རྩ་རྒྱས་པ་དང་ཁྲག་ལེབ་ཆུང་བ་འདུ་འཛོམས་འགོག་རྫས་ཀྱི་ནུས་པ་ལྷག་ཏུ་བཟང་བས་རེད།

ཆེད་མཁས་པ་རེ་རེར་རང་རང་གི་ལྟ་ཚུལ་རེ་ཡོད་མོད། དོན་དངོས་སུ་ཞོགས་པ་དང་དགོང་མོ་གང་ཞིག་ལ་འཐུང་ན་བཟང་བའི་སྐོར།  མིག་སྔའི་ཆེད་མཁས་པ་དག་གི་ལྟ་ཚུལ་ལྟར་ན། ཡུན་རིང་ལ་ཨ་སི་ཕི་ལིན་འཐུང་བའི་ནུས་པ་ནི་རྒྱུན་མཐུད་རང་བཞིན་ཡིན་པས། ནངས་དགོང་ལ་ཁྱད་པར་ཆེན་པོ་མེད་པ་རེད། གཙོ་བོ་ནི་རྒྱུན་འཁྱོངས་བྱེད་དགོས་པ་དེ་རེད། གཞན་ཡང་མིག་སྔར་ནད་ཐོག་སྔོན་འགོག་དང་ཀླད་སྙིང་ཁྲག་རྩའི་ནད་ལ་སྨན་བཅོས་བྱེད་རྒྱུར་སྤྱོད་པའི་ཨ་སི་ཕི་ལིན་ནི་ཞུ་སླ་བའི་སྨན་རྫས་ལེབ་མོ་ཡིན་པ་དང་། སྨན་རྫས་དེ་དུམ་བུར་བཅག་ནས་འཐུང་མི་ཉན་པ་དེ་ངེས་པར་དུ་ཤེས་དགོས། གལ་ཏེ་དུམ་བུར་བཅག་ནས་འཐུང་ཚེ་རྒྱུ་ལམ་ལ་གནོད་པ་བཟོ་སྲིད།

ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བསྟེན་ན་ད་གཟོད་ཞོར་སྐྱོན་ཇེ་ཉུང་དུ་གཏོང་ཐུབ།

སྨན་རྫས་ཚང་མར་ཕན་པ་དང་གནོད་པ་གཉིས་ཀ་ལྡན་པས། ནད་རིགས་གསོ་བཅོས་བྱེད་སྐབས་རྒྱུན་པར་ཞོར་སྐྱོན་ངེས་ཅན་རེ་ཐོན་སྲིད་པ་ཁོ་ཐག་ཡིན། ཞོར་སྐྱོན་ལ་གཡོལ་ཐབས་མེད་ཀྱང་། ཁ་ཤས་ཤིག་བྱེད་ཐབས་གང་རུང་བརྒྱུད་ནས་ཇེ་ཉུང་དང་གཡོལ་ཐབས་བྱས་ཆོག

1.སྐྱུག་མེར་ལངས་པ་དང་ཕོ་སྐྱུར་ལངས་པ། ཕོ་ཁ་ཚ་བ། །ཟས་འཇུ་དཀའ་བ་སོགས་འཇུ་ལམ་གྱི་ནད་རྟགས་ཡོད་པ།

ཨ་སི་ཕི་ལིན་འཐུང་རྗེས་སྐྱུག་མེར་ལངས་པ་དང་ཕོ་སྐྱུར་ལངས་པ། ཕོ་ཁ་ཚ་བ། ཟས་འཇུ་དཀའ་བ་སོགས་ཀྱི་སྣང་ཚུལ་འབྱུང་བ་དེ་ཧ་ཅང་རྒྱུན་ལྡན་ཞིག་ཡིན། བསྡོམས་རྩིས་རྒྱུ་ཆ་ལྟར་ན། བརྒྱ་ཆའི་དྲུག་ནས་བཅུ་བར་གྱི་མི་ལ་གོང་གི་འཇུ་ལམ་གྱི་མི་ལེགས་པའི་ནད་རྟགས་དེ་དག་འབྱུང་སྲིད་ཅིང་། སྐྱུག་མེར་ལངས་པ་དང་ཕོ་སྐྱུར་ལངས་པ། ཕོ་ཁ་ཚ་བ། ཁོག་པ་སྦོས་པ་སོགས་ཀྱི་མངོན་རྟགས་ཡོད་ཚེ་སྨན་འཐུང་མཚམས་འཇོག་དགོས་སམ་ཞེ་ན། ཨ་སི་ཕི་ལིན་ནི་ཀླད་སྙིང་ཁྲག་རྩའི་ནད་ལ་སྔོན་འགོག་དང་སྨན་བཅོས་ཀྱི་ནུས་པ་ཆེན་པོ་ཡོད་པའི་སྨན་རྫས་ཡིན་པས་དེ་ལྟར་འཐུང་མཚམས་འཇོག་མི་རུང་བ་ཡིན།

དེ་བས་སྔོན་ལ་ང་ཚོས་ཨ་སི་ཕི་ལིན་བསྟེན་ཐབས་འགྲིག་མིན་ལ་བལྟ་དགོས། གལ་ཏེ་བསྟེན་ཐབས་མ་འགྲིག་ཚེ་སྔོན་ལ་བསྟེན་ཐབས་བསྒྱུར་རྗེས་འཇུ་ལམ་སྔར་བཞིན་མི་བདེ་བའི་ནད་རྟགས་ཡོད་མེད་ལ་བརྟག་དཔྱད་གཏོང་དགོས། གལ་ཏེ་བསྟེན་ཐབས་འགྲིག་ན། ཕོ་བར་བདེ་སྲུང་བྱེད་སྤྱད་ཀྱི་སྨན་རྫས་ཁ་སྣོན་བྱས་ནས་འཇུ་ལམ་གྱི་ནད་རྟགས་ཇེ་ཉུང་དུ་གཏོང་དགོས། དེ་མིན་ཕོ་བའི་འཇུ་ལམ་གྱི་ནད་རྟགས་ཅུང་མངོན་གསལ་ཡིན་པ་དང་ཕོ་བའི་སྨན་འཐུང་ཡང་སྔར་བཞིན་ཇེ་བདེར་མ་ཡོང་ན། ལུའུ་པི་ཀུ་ལེ་(氯吡格雷)ཞེས་པའི་སྨན་རྫས་དེས་ཚབ་བྱས་ནས་སྨན་བཅོས་བྱས་ཆོག

2.བཤང་བ་ནག་པོ་དང་བཤང་བར་ཁྲག་འདྲེས་པ། ཐ་ན་ཁྲག་སྐྱུག་པ་སོགས་འཇུ་ལམ་ནས་ཁྲག་ཐོན་པ།

ཨ་སི་ཕི་ལིན་འཐུང་རྗེས་ངེས་པར་དུ་བཤང་བ་ནག་པོ་ཡིན་མིན་ལ་བརྟག་དགོས། འདི་ནི་འཇུ་ལམ་གོང་མ་ནས་ཁྲག་ཐོན་པའི་སྣང་ཚུལ་ཞིག་ཡིན་ལ་ཁྲག་ཐོན་པ་ཅུང་མང་བ་དང་། ཅུང་ཚབས་ཆེ་དུས་བཤང་བར་ཁྲག་འདྲེས་པ་འམ་དང་ཁྲག་སྐྱུག་པའི་སྣང་ཚུལ་ཡང་འབྱུང་སྲིད། གཞི་གྲངས་མང་ཆེ་བ་ཞིག་ལས།  ཨ་སི་ཕི་ལིན་གྱིས་བསྐྱེད་པའི་འཇུ་ལམ་ལས་ཁྲག་ཐོན་པའི་ཚད་ནི་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་ཡིན་པ་རེད། འབྱུང་ཚད་མཐོ་རྒྱུ་མེད་ཀྱང་བཤང་བ་ནག་པོ་ཡིན་མིན་ལ་དོ་སྣང་ཆེན་པོ་བྱེད་དགོས། བཤང་བར་ཁྲག་འདྲེས་མིན་ལ་ལྟ་ཞིབ་བྱས་ན་རྒྱུ་ལམ་ནས་ཁྲག་ཐོན་པ་ནུས་ལྡན་གྱིས་ཇེ་ཉུང་དུ་གཏོང་ཐུབ།

བཤང་བ་ནག་པོའམ་རྒྱུ་ལམ་ནས་ཁྲག་ཐོན་པའི་ནད་རྟགས་བྱུང་མ་ཐག་མྱུར་དུ་ཨ་སི་ཕི་ལིན་འཐུང་མཚམས་འཇོག་དགོས་པ་དང་ཚབས་ཆེ་ཚེ་ནད་པ་མྱུར་དུ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དགོས།

3.སོ་རྩ་ནས་ཁྲག་ཐོན་པ་དང་སོ་རྙིལ་ལས་ཁྲག་བཞུར་བ། སྐྱི་པགས་དམར་པོ་དང་སྨུག་ནག་ཡིན་པ།

མི་ལ་ལར་ཨ་སི་ཕི་ལིན་འཐུང་རྗེས། སོ་རྩ་ནས་ཁྲག་ཐོན་པའི་སྣང་ཚུལ་འབྱུང་བ་རེད། གལ་ཏེ་སོ་བཀྲུ་སྐབས་ཁྲག་ཐོན་ཚེ་སྔོན་ལ་སོ་བཀྲུ་ཐབས་བསྒྱུར་དགོས་པ་དང་སོ་འཁྲུ་བརྗེས་ནས་ཁྲག་བཞུར་མིན་ལ་བལྟ་དགོས། སྤྱིར་བཏང་དུ་ཨ་སི་ཕི་ལིན་འཐུང་མཚམས་འཇོག་པ་དང་ཇེ་ཉུང་དུ་གཏོང་མི་དགོས། གལ་ཏེ་དུས་རྒྱུན་རང་བཞིན་གྱིས་སོ་རྩར་ཁྲག་ཐོན་པ་དང་། སོ་ནད་དང་གཉན་ཚད་མིན་ཚེ་སྨན་པར་བསྟན་ནས་གསོ་བཅོས་བྱས་ཆོག

སྐྱི་པགས་དམར་པོ་དང་སྨུག་ནག་གི་ཐག་གཅོད་བྱེད་ཐབས་ཀྱང་སོ་རྩ་ནས་ཁྲག་ཐོན་པ་དང་ཆ་འདྲ་བ་རེད། གལ་ཏེ་བརྡབས་སྐྱོན་བྱུང་བ་ལ་རྐྱེན་བྱས་པ་དང་ཡང་ན་ནམ་རྒྱུན་རང་ཤུགས་ཀྱི་སྐྱི་པགས་དམར་པོ་དང་སྨུག་ནག་མེད་ན། སྤྱིར་བཏང་དུ་ཨ་སི་ཕི་ལིན་འཐུང་ཚད་ཇེ་ཉུང་ངམ་འཐུང་མཚམས་འཇོག་མི་དགོས། གལ་ཏེ་རང་ཤུགས་ཀྱིས་སྐྱི་པགས་དམར་པོ་དང་སྨུག་ནག་བྱུང་ན་སྨན་པར་བསྟན་ནས་གསོ་བཅོས་བྱེད་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

                                                                                                      ལོ་ཙཱ་བ། དངོས་སྦྱོང་སློབ་མ་རྣམ་རྒྱལ་འཚོ།