ཡི་མུག་འགལ་རྐྱེན་ནད་ཀྱི་སློང་རྐྱེན་དང་བཅོས་ཐབས།
2021.03.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 38

སེམས་ཁམས་ནད་རིགས་ཀྱི་ཤེས་བྱ་མང་པོ་ཁྱབ་བརྡལ་དུ་སོང་བ་དང་བསྟུན་ནས། ཡི་མུག་པའི་ནད་དེ་ཚང་མར་ཅུང་ཆ་རྒྱུས་ཡོད་པའི་སེམས་ཁམས་ནད་རིགས་ཤིག་ཏུ་གྱུར་ཡོད་ལ། ཡི་མུག་འགལ་རྐྱེན་གྱིས་ཚེ་གང་བོའི་ནད་ཕོག་ཚད་ཀྱི་6.87%ཟིན་པ་དང་།  དེའི་ནང་སྐྱེས་པས་5.01%དང་སྐྱེས་མས8.46%ཟིན་ཡོད། མི་རྣམས་ཡི་མུག་པའི་ནད་དེར་འཇིགས་སྣང་དེ་ཙམ་མི་སྐྱེས་མོད། སྔར་བཞིན་དེ་ལ་ནོར་འཁྲུལ་གྱི་ངོས་འཛིན་བྱས་ཡོད་དེ། རྟག་ཏུ་གཉོམ་ཆུང་གི་མི་ལ་ཡི་མུག་འགལ་རྐྱེན་འབྱུང་སླ་བ་དང་། ཐ་ན་ཡི་མུག་འགལ་རྐྱེན་ཕོག་མཁན་ནི་"སེམས་ཤུགས་ཞན་པ་དང་ཧ་ཅང་ཉམས་ཞན"་གྱི་མི་ཡིན་པར་འདོད་པ་རེད།  དོན་དངོས་སུ་དེ་འདྲ་མ་རེད།

མི་རྣམས་ཀྱིས་ཡི་མུག་འགལ་རྐྱེན་ཐེབས་པའི་ནད་པས་རང་སྲོག་གཅོད་པ་དང་། ངུ་བ།  ནུས་མེད་ཉམས་ཞན་ཡིན་པ་བཅས་ཀྱི་སྣང་ཚུལ་ཁོ་ན་མཐོང་བ་ལས། ནད་རིགས་ཀྱི་ངོ་བོ་དངོས་མི་ཤེས་ལ། ཁོ་ཚོ་འདི་འདྲ་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་ངོ་མ་དེ་བས་ཀྱང་ཤེས་ཀྱིན་མེད། དོན་དངོས་སུ་ཡི་མུག་འགལ་རྐྱེན་བྱུང་བའི་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད་ལ། དེ་ནི་མི་ཧ་ཅང་གཉོམ་ཆུང་དང་ནུས་མེད་ཉམས་ཞན་ཡིན་པའི་རྐྱེན་མིན།

ཕྱོགས་གཞན་ཞིག་ནས། སྤྱི་ཚོགས་སྟེང་དུ་ཡང་ལུས་སེམས་བདེ་ཐང་གི་མི་འགའ་ཤས་ཀྱིས་ཡི་མུག་འགལ་རྐྱེན་ལ་ཁ་གཡར་ནས། དངོས་ཡོད་འཚོ་བའི་ཁྲོད་ཀྱི་བར་ཆད་དང་དཀའ་གནས་ཁ་ཤས་ལ་གཡོལ་ཐབས་བྱེད་བཞིན་ཡོད། ཁོ་ཚོས་ན་ཁུལ་བྱེད་པའི་བྱ་སྤྱོད་དེའི་དབང་གིས་མི་རྣམས་ཀྱིས་ཡི་མུག་འགལ་རྐྱེན་ནི་དེ་འདྲའི་གནད་དོན་ཚབས་ཆེན་ཞིག་མིན་པར་གོ་ནོར་ཐེབས་བཞིན་ཡོད།

ཡི་མུག་འགལ་རྐྱེན་ནད་ཀྱི་སློང་རྐྱེན་ལ་བཞི་ཡོད་དེ།

དང་པོ། དུས་ཡུན་རིང་པོའི་འཚོ་བ་དང་བྱ་བ།  མི་དང་མིའི་བར་གྱི་འབྲེལ་བ་སོགས་ཁོར་ཡུག་གི་གནོན་ཤུགས་ཐེབས་པའི་རྒྱུ་རྐྱེན།

འཚོ་བའི་གོམ་འགྲོས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ཕོ་མོ་སུ་ཞིག་ཡིན་རུང་འཚོ་བ་དང་བྱ་བ་སོགས་ཁོར་ཡུག་ཐད་ཀྱི་གནོན་ཤུགས་ཆེན་པོ་ཁུར་བཞིན་ཡོད་ལ། དར་མ་རྣམས་ནི་ཁྱིམ་ཚང་གི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ཡིན་པ་དང་། ཆེ་བ་རྒན་པ་ནས་ཆུང་བྱིས་པ་གཉོར་རྒྱུ་ཡོད་པས། དཀའ་སྡུག་ཅི་འདྲར་འཕྲད་ཀྱང་དགའ་བའི་འཛུམ་མདངས་ལས་སྐྱོ་བའི་སྨྲེ་ངག་མི་འདོན། དེ་ལྟར་ལོ་མང་པོའི་གནོན་ཤུགས་ཀྱིས་ཁོ་ཚོས་ཡི་མུག་པའི་སེམས་ཁམས་དེ་ཕྱི་ལ་མི་མངོན་པར་མ་ཟད་གོམས་གཤིས་ཤིག་ཏུ་གྱུར་ཡོད།  མི་རྣམས་ཀྱིས་གྱོང་གུད་ཚབས་ཆེན་དང་མིའི་བར་གྱི་ཛ་དྲག་གི་འབྲེལ་བ། དཔལ་འབྱོར་དཀའ་ཁག་གམ་འཚོ་བ་རོལ་སྟངས་ཀྱི་འགྱུར་བ་ཆེན་པོར་གདོང་གཏོད་པ་བཅས་ཚང་མ་ཡི་མུག་འགལ་རྐྱེན་འབྱུང་བའི་རྐྱེན་དུ་འགྱུར་སྲིད། སེམས་མི་སྐྱིད་པའི་ཁོར་ཡུག་དང་གནས་ཚུལ་ནི་ཡི་མུག་འགལ་རྐྱེན་འབྱུང་བའི་རྒྱུ་ཡིན་ཏེ།  ཕལ་ཆེར་30%ནད་པས་ནད་མ་བྱུང་བའི་སྔོན་གྱི་ཟླ་དྲུག་གི་ནང་ནས་མངོན་གསལ་གྱི་རྒྱུ་རྐྱེན་འཚོལ་ཐུབ།

གཉིས་པ། རྒྱུད་འདེད་ཀྱི་རྒྱུ་རྐྱེན།

རྒྱུད་འདེད་རྒྱུ་རྐྱེན་གྱིས་ཡི་མུག་འགལ་རྐྱེན་གྱི་སློང་རྐྱེན་ཁྲོད་ནུས་པ་ངེས་ཅན་ཞིག་བཟུང་ཡོད། ནད་པའི་ཁྱིམ་རྒྱུད་ནང་།  བརྩེ་དུང་དང་ཚོར་སྣང་གི་བསམ་པའི་འགལ་རྐྱེན་ཐེབས་པའི་བསྡུར་ཚད་དེ་མི་གཞན་ལས་མངོན་གསལ་དོད་པོས་མཐོ་བ་དང་། མི་གཤིས་ཀྱི་འགལ་རྐྱེན་དང་རང་སྲོག་གཅོད་པ་སོགས་ཀྱི་གནས་ཚུལ་ཡོད་ལ། དབང་རྩའི་ནད་ཕོག་པའི་བསྡུར་ཚད་ཀྱང་ཅུང་མཐོ་བའི་སྐོར།

གསུམ་པ། མི་གཤིས་ཀྱི་རྒྱུ་རྐྱེན།

མི་གཤིས་ཀྱི་ཁྱད་ཆོས་ཁྲོད་སེམས་ཁྲལ་དང་བཙན་ཤེད། ཧོལ་རྒྱུགས་སོགས་ཀྱི་ཁྱད་ཆོས་ཅུང་ཙམ་མངོན་གསལ་ལྡན་པའི་མི་ལ་ཡི་མུག་འགལ་རྐྱེན་འབྱུང་སླ། བྱེ་བྲག་གི་མངོན་ཚུལ་ནི། དོགས་སྣང་ཆེ་བ་དང་གཟབ་ནན་བྱེད་དྲགས་པ། ཧོལ་རྒྱུགས་དང་ཨུ་ཚུགས་བྱེད་པ། སྐྱོ་སྣང་སྐྱེ་བ། སེམས་ཁྲལ་བྱེད་པ། ཞིབ་ཆ་དང་སྒྲིག་སྲོལ། ལྷུ་ཚིགས། སྒྲིགས་ལམ་བཅས་ལ་དོ་སྣང་བྱེད་དྲགས་པ། ལེགས་འཛོམས་ཡོང་གང་ཐུབ་བྱེད་པ། ཀུན་སྤྱོད་ཀྱི་འདུ་ཤེས་ཆེ་དྲགས་པ། མཇུག་འབྲས་ལ་མཐོང་ཆེན་བྱེད་དྲགས་པ་སོགས་ལྟ་བུ།

བཞི། ལུས་པོའི་ནད་རིགས་ཀྱི་རྒྱུ་རྐྱེན།

ལུས་པོའི་ནད་རིགས་ཁྲོད་དུ། ལྷག་པར་དུ་དལ་གཤིས་དཀྱིལ་གཞུང་དབང་རྩའི་མ་ལག་གི་ནད་རིགས་སམ་ཡང་ན་དལ་གཤིས་ནད་རིགས་གཞན་དག་ནི་ཡི་མུག་འགལ་རྐྱེན་གྱི་ཉེན་ཁའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། རྒྱུན་མཐོང་གི་རིགས་ལ་སྐྲན་ནད་དང་ཨོལ་རྨེན་བྱེད་ལས་བྲི་རྒུད། སྙིང་གཟེར། ཕ་ཁིན་སོན་ནད། བརྒྱལ་གཟེར་སོགས་ཡོད།

ཡི་མུག་འགལ་རྐྱེན་བྱུང་བའི་ནད་པར་ཐུགས་ཁུར་དང་གཅེས་སྐྱོང་བཟང་པོ་བྱེད་དགོས།

ཡི་མུག་འགལ་རྐྱེན་གྱི་རྒྱུན་མཐོང་གི་སྣང་ཚུལ་ནི་སེམས་ཁམས་མི་སྐྱིད་པ་དང་། སྐྱོ་སྣང་སྐྱེ་བ། ཡིད་ཆད་པ། སྨྲ་བ་ཉུང་བ། འགུལ་སྐྱོད་ཉུང་བ། སྤྲོ་སྣང་མེད་པ། རེ་ཐག་ཆད་པ། བརྟེན་གནས་དང་སྒྲུབ་ནུས་མེད་པ་བཅས་ཡིན། ཡི་མུག་འགལ་རྐྱེན་ནད་བྱུང་རྗེས། སེམས་ཁམས་མི་སྐྱིད་པའི་གནས་ཚུལ་འོག ནད་པའི་བསམ་གཞིགས་ཀྱི་ནུས་པ་ཇེ་ཞན་དང་རང་རློམ་ཡིད་ཆེས་ཀྱི་བསམ་པ་ཇེ་ཆུང་དུ་གྱུར་ནས། རང་ཉིད་འཕྲད་པའི་དཀའ་ངལ་ནི་ཆེན་པོ་ཞིག་ཏུ་མཐོང་བ་དང་། ཐབས་ཇུས་ཀྱི་ནུས་པ་ཇེ་དམའ་རུ་སོང་སྟེ། ཁེན་གནས་བརྟེན་གནས་མེད་པའི་ཚོར་སྣང་འབྱུང་ཞིང་ཐ་ན་ཡིད་ཆད་དེ་རྒྱུན་དུ་རང་དབང་མེད་པར་མིག་ཆུ་ཤོར་ནས་ངུ་སྲིད།  འདི་ལས་དེ་དག་སེམས་ཤུགས་ཞན་པ་དང་། ཉམས་ཞན་ཡིན་པ། ཉམ་ཆུང་ཡིན་པ་སོགས་གསལ་བཤད་བྱེད་མི་ཐུབ། རང་ཉིད་ཀྱི་ཁྱིམ་མིའམ་ཡང་ན་གྲོགས་པོར་གོང་གསལ་གྱི་གནས་ཚུལ་དག་བྱུང་ཚེ། སྔ་མོ་ནས་ཁོ་ཚོ་ཆེད་ལས་སྨན་ཁང་དུ་ཁྲིད་དེ་ཆེད་ལས་ཀྱི་སྨན་བཅོས་བྱེད་དགོས་ལ། ནད་གཞི་འགོར་འགྱངས་མི་ཡོང་བ་བྱེད་དགོས།

ཁྱིམ་ཚང་དང་ལས་ཁུངས་གང་ཡིན་རུང་། ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱེད་པའི་ཐུན་མོང་གི་རྣམ་པ་ཞིག་ཆགས་པར་བྱས་ནས། བདེ་ཐང་སེམས་ཁམས་ཀྱི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་དགོས། ཁོངས་མིའི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱས་ནས་ཁོ་ཚོར་སྐྱོ་བའི་མིག་ཆུ་འབྱིན་ས་དང་། རང་ཉིད་ཀྱི་གནོན་ཤུགས་སེལ་བ་དང་སེམས་པ་གཡེང་སའི་ཁོར་ཡུག་ཅིག་སྦྱིན་དགོས།

དེ་ལས་གཞན་ཡི་མུག་འགལ་རྐྱེན་ཐེབས་པའི་ནད་པའི་བྱེ་བྲག་གི་གནས་ཚུལ་དང་།  ཁོ་ཚོ་བརྒྱུད་མྱོང་བའི་དོན་དག་ལ་རྒྱུས་ལོན་མ་བྱས་པར་གང་འདོད་དུ་ལབ་གླེང་བྱེད་མི་རུང་།

ང་ཚོས་རང་ཉིད་ཀྱི་ཉེ་འཁོར་དུ་རོགས་སྐྱོར་བྱེད་དགོས་པའི་ཡི་མུག་འགལ་རྐྱེན་ཐེབས་པའི་ནད་པར་འཕྲད་སྐབས། ཁོ་ཚོར་རྒྱུས་ལོན་དང་གཅེས་སྐྱོང་མང་ཙམ་བྱས་ཏེ། རོགས་རམ་མཁོ་བའི་དུས་སུ་དུས་ཐོག་ཏུ་རོགས་རམ་བྱེད་དགོས། རྒྱུ་མཚན་ནི་ཁྱོད་ཀྱི་བརྩེ་བའི་མིག་མདངས་ཤིག་དང་། ཡིད་སེམས་གསོ་བའི་སྐད་ཆ་གཅིག  ཕན་ཚུན་ལ་འཐམ་འཁྱུད་ཅིག་གིས་ཀྱང་རིན་ཐང་བྲལ་བའི་ཚེ་སྲོག་ཅིག་སྐྱོབ་ཐུབ་ངེས། དེ་དང་ཆབས་ཅིག་ཏུ་ང་ཚོས་ཉེ་འཁོར་གྱི་ལས་རོགས་དང་གཉེན་ཉེ་ཚང་མར་ཡང་དོ་ཁུར་དེ་བས་མང་པོ་བྱེད་དགོས་པ་མ་ཟད། ཁོ་ཚོའི“གནད་འགག་གི་དུས་སྐབས”སམ་ཡང་ན་“དཀའ་ངལ་གྱི་དུས་སྐབས”སུ་ཧུར་ཐག་གིས་རོགས་སྐྱོར་བྱེད་པའམ་ཡང་ན་དགེ་མཚན་ལྡན་པའི་གྲོས་འགོ་མང་ཙམ་འདོན་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

ཡིག་བསྒྱུར་པ་དངོས་སྦྱོང་སློབ་མ་རྡོ་རྗེ་འཚོ་ཡིན།