ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཧྲིན་ཀྲང་ངམ་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོག་སྨན་རྒྱག་པའི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རྒྱལ་ཁབ་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས། ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་གོ་གནས་དང་པོར་འཇོག་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། སྤུས་ཚད་མཐོན་པོས་དུས་ལྟར་འགོག་སྨན་རྒྱག་པའི་ལས་འགན་ཡོངས་འགྲུབ་བྱས་ཏེ། རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས་ཟེར། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས།
ཞིན་ཁྲང་ཞིང་གིས་བསྟན་དོན། འགོག་སྨན་ནི་མི་དམངས་མང་ཚོགས་ཀྱི་རིམས་འགོག་ལྕགས་རི་འཛུགས་པའི་ཕན་ཡོད་བྱེད་ཐབས་ཡིན་ལ། འགོག་སྨན་རྒྱག་པར་ཆེད་ལས་རང་བཞིན་དང་སྲིད་ཇུས་རང་བཞིན་ཆེན་པོ་ལྡན། འགོག་སྨན་རྒྱག་པའི་བྱ་བ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལྟར། ཚན་རིག་དང་མཐུན་པ་དང་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་འགོག་སྨན་རྒྱག་པའི་བྱ་བ་སྤེལ་བས། སྤྱི་ཁོག་ནས་བདེ་བླག་ཡིན་པ་དང་། དམངས་ཡོངས་ཀྱིས་རིན་མི་དགོས་པར་འགོག་སྨན་རྒྱག་པའི་ཐད་རྨང་གཞི་བཟང་བོ་བཏིངས་ཟེར།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཕྱོགས་བཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་དང་གྲོང་ཁྱེར་དང་རྫོང་གིས་འགན་ཁུར་བ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། རྩ་འཛུགས་གོ་རིམ་ལྡན་པར་བྱེད་པ། བདེ་འཇགས་ལ་ཁག་ཐེག་བྱེད་པའི་རྩ་དོན་ལྟར། གཞི་རིམ་དྲ་རྒྱའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དུས་ཚོད་དང་བྱ་བ་སྤེལ་བའི་གནས་ཚུལ་ལྟར། འགོག་སྨན་དོ་དམ་བཟང་བོ་བྱེད་པ་དང་ཚད་དང་ལྡན་པར་འགོག་སྨན་རྒྱག་པ། སྨན་བཅོས་མྱུར་སྐྱོབ། འཕྲལ་བསྟུན་ཐག་གཅོད། དྲིལ་སྒྲོག་གསོ་སྦྱོང་བྱེད་པ་སོགས་བྱ་བ་ཁྱོན་ཡོངས་ནས་བཟང་བོ་བསྒྲུབ་པ། རྒྱ་ཆེའི་མང་ཚོགས་ཀྱིས་མི་ཚང་མ་རང་ཉིད་བདེ་ཐང་གི་འགན་ཁུར་མི་སྣ་དང་པོ་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱས་ནས། འགོག་སྨན་རྒྱག་ཚད་མཐོར་འདེགས་གཏོང་དགོས། མཉམ་ལས་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགོག་སྨན་རྒྱག་པའི་ཞབས་ཞུ་དང་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ། འགོག་སྨན་མཛོད་ཉར་དང་འཁོར་རྒྱུག་སོགས་དུས་རིམ་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་པ། འགོག་སྨན་མཁོ་འདོན་གྱི་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བྱེད་ཐབས་མང་པོའི་ལམ་ནས་དྲིལ་སྒྲོག་སྣེ་ཁྲིད་བྱས་ཏེ། ཚད་གཞི་ཆེས་མཐོན་པོ་དང་རེ་བ་ནན་མོས་གོ་རིམ་ཧྲིལ་བོའི་དོ་དམ་ལ་ཁག་ཐེག་བྱེད་དགོས། ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ་དང་། ས་ཁུལ་སོ་སོས་ཐག་ཉེ་སྟབས་བདེ་དངཕན་མཐོ་ཞབས་ཞུའི་རྩ་དོན་ལྟར། སྔོན་ཐོན་ཉམས་མྱོང་ལ་དཔེ་ལྟ་བྱེད་པ། འགོག་སྨན་རྒྱག་པའི་སྡེ་ཁག་བཀོད་སྒྲིག་འོས་འཚམ་བྱེད་པ། མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་པ། སྒྲིག་ཆས་ཆ་སྡེབས་བཟང་བོ་བྱེད་པ། འགོག་སྨན་རྒྱག་པའི་སྟོབས་ཤུགས་བཀོད་སྒྲིག་བཟང་བོ་བྱས་ནས། འགོག་སྨན་རྒྱག་པའི་ཞབས་ཞུའི་ནུས་པའི་སྟབས་བདེ་རང་བཞིནན་མཐོར་འདེགས་གཏོང་དགོས། འགོག་སྨན་རྒྱག་པའི་སྡེ་ཁག་གིས་ཚན་རིག་དང་མཐུན་པ་དང་ཚད་དང་ལྡན་པའི་སྒོ་ནས་འགོག་སྨན་རྒྱག་པའི་ཞབས་ཞུ་སྤེལ་བ་དང་། ཞིབ་བཤེར་གསུམ་དང་ཤན་སྦྱར་བདུན། ཞིབ་དཔྱད་གཅིག་གི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། འགོག་སྨན་རྒྱག་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས། སྨན་བཅོས་མྱུར་སྐྱོབ་འགན་སྲུང་སྨན་ཁང་སོ་སོས་ཆེད་ལས་ཀྱི་མཛུབ་ཁྲིད་དང་ལག་རྩལ་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་གཞི་ཁྱོན་ཆེན་པོ་དང་བདེ་འཇགས་ངང་འགོག་སྨན་རྒྱག་པར་འགན་སྲུང་བྱེད་དགོས་ཟེར།
ཞིན་ཁྲང་ཞིང་གིས། ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ཁུལ་ནས་ཡང་བསྐྱར་འབྱུང་བར་བཀག་འགོག་བྱེད་པའི་བླང་བྱ་ལྟར། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དམ་འཛིན་བྱེད་པ་དང་། རིམས་ནད་ཡང་བསྐྱར་འབྱུང་བར་ཉེན་ཁ་ཡོད་ཚད་མེད་པར་བཟོས་ནས། རིམས་ནད་འགོག་བཅོས་ཀྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་ལེན་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
རྩོམ་སྒྲིག་པ། འབྲུག་མོ།