ཁྲག་ཤེད་མཐོ་བའི་ནད་ནི་ཇི་ལྟར་བྱུང་བ་ཡིན་ནམ།
2021.03.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 73

ཁྲག་ཤེད་མཐོ་བའི་ནད་ཅེས་པ་ནི་ལུས་པོའི་འཁོར་རྒྱུན་འཕར་རྩའི་ཁྲག་ཤེད(འཁུམ་འདུ་ཁྲག་ཤེད་དང་རྐྱོང་འབྱེད་ཁྲག་ཤེད)མཐོ་རུ་ཕྱིན་པའི་ཁྱད་རྟགས(འཁུམ་འདུ་ཁྲག་ཤེད≥140mmHgདང་རྐྱོང་འབྱེད་ཁྲག་ཤེད≥90mmHg) གཙོ་བོ་ཡིན་ལ། སྙིང་དང་ཀླད་པ། མཁལ་མ་སོགས་དབང་པོའི་ནུས་པའམ་དབང་པོའི་ངོ་བོ་རང་བཞིན་ལ་གནོད་སྐྱོན་ཐེབས་པའི་ནད་ཐོག་ཕྱོགས་བསྡུས་ནད་རིགས་འདྲེས་ཡོད། ཁྲག་ཤེད་མཐོ་བའི་ནད་ནི་ཆེས་རྒྱུན་མཐོང་གི་གཅོང་ནད་ཀྱི་རིགས་ཤིག་ཡིན་ལ། ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེས་གཙོ་ཆེ་བའི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཀྱང་ཡིན།

ཁྲག་ཤེད་མཐོ་བ་ལ་ཐོག་མ་ནས་བྱུང་བའི་ཁྲག་ཤེད་མཐོ་བའི་ནད་དང་རྗེས་བྱུང་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་རིགས་ཆེན་པོ་གཉིས་ཡོད། ཁྲག་ཤེད་མཐོ་བའི་ནད་རྐྱེན་མི་གསལ་བ་ལ་ཐོག་མ་ནས་བྱུང་བའི་ཁྲག་ཤེད་མཐོ་བའི་ནད་ཀྱིས་ཁྲག་ཤེད་མཐོ་བའི་ནད་པ་སྤྱིའི95%ཡན་ཟིན། རྗེས་བྱུང་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་ནི་མཁལ་མ་དང་གསང་རྒྱུད་ཟགས་གཤེར་དང་དབང་རྩའི་མ་ལག་གི་ནད་རིགས་བཅས་ལས་བྱུང་བའི་ཁྲག་ཤེད་མཐོ་བའི་ནད་ཡིན་ལ། མང་ཆེ་བ་གནས་སྐབས་ཙམ་ཡིན། ཐོག་མ་ནས་བྱུང་བའི་རིགས་དྲག་སྐྱེས་བྱུང་རྗེས་ཁྲག་ཤེད་མཐོ་བ་རིམ་གྱིས་མེད་པར་འགྱུར་སྲིད། ཁྲག་ཤེད་མཐོ་བའི་ནད་རྐྱེན་མི་གསལ་བ་ནི་ལུས་ཕུང་ཕྱོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད།

རྒྱུད་འདེད་རྒྱུ་རྐྱེན། ཕལ་ཆེར60%ཡི་ཁྲག་ཤེད་མཐོ་བའི་ནད་པར་ཁྱིམ་རྒྱུད་ལོ་རྒྱུས་ཡོད། མིག་སྔར་གཞི་རྒྱུ་མང་བའི་རྒྱུད་འཛིན་ལས་བྱུང་བ་ཡིན་པར་འདོད་པ་དང་། ཁྲག་ཤེད་མཐོ་བའི་ནད་པ30%ནས50%བར་རྒྱུད་འདེད་ཀྱི་ལོ་རྒྱུས་ཡོད།

སེམས་ཁམས་དང་ཁོར་ཡུག་གི་རྒྱུ་རྐྱེན། ཡུན་རིང་བོར་སེམས་འཚབ་སྐྱེ་བ་དང་། སེམས་ལ་གཡོ་སྐྱོམ་ཐེབས་པ། སེམས་ཁྲལ་བྱེད་པ། འཛེར་སྒྲ་དང་ཡང་ན་མཐོང་ཚོར་མི་ལེགས་པའི་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་དབང་གིས་ཁྲག་ཤེད་མཐོ་བའི་ནད་འབྱུང་སྲིད།

ལོ་ཚོད་ཀྱི་རྒྱུ་རྐྱེན། ནད་འབྱུང་ཚད་ནི་ལོ་ཚོད་འཕར་བ་དང་བསྟུན་ནས་ཇེ་མཐོར་འགྲོ་བའི་རྣམ་པ་ཡོད་ལ། ལོ་བཞི་བཅུ་ཡན་ཆད་ལ་འབྱུང་ཚད་མཐོ།

འཚོ་བའི་གོམས་གཤིས་ཀྱི་རྒྱུ་རྐྱེན། བཟའ་བཏུང་གི་གྲུབ་ཚུལ་ལུགས་དང་མི་མཐུན་པ། དཔེར་ན་ནཱ་ཚྭ(钠盐)དང་ཅཱ(钾)ཉུང་བའི་བཟའ་བཏུང་མང་པོ་བསྟེན་པ་དང་། ཆང་འཐུང་ཚད་མང་བ། ཚིལ་སྐྱུར་སོགས་དང་ལེན་བྱས་པ་ལས་ཁྲག་ཤེད་ཇེ་མཐོར་འགྲོ་བ་རེད། ཐ་མག་འཐེན་ན་འཕར་རྩ་མཉེན་པོ་ནས་སྲ་འགྱུར་གྱི་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་གིན་ཡོད་པས། དེ་ནི་ཁྲག་ཤེད་མཐོ་བའི་ཉེན་ཁའི་རྒྱུ་རྐྱེན་རེད།

སྨན་རྫས་ཀྱི་ཤུགས་རྐྱེན། སྦྲུམ་འགོག་སྨན་དང་སྐུལ་རྩི། གཉན་འཇོམས་གཟེར་འཇགས་སྨན་ཚང་མས་ཁྲག་ཤེད་ལ་ཤུགས་རྐྱེན་ཐེབས་སྲིད།

ནད་རིགས་གཞན་གྱི་ཤུགས་རྐྱེན། ཚོ་འབུད་པ་དང་གཅིན་སྙི་ཟ་ཁུའི་ནད། གཉིད་དུས་དབུགས་ལེན་དཀའ་བ་དང་དབུགས་རྒྱུ་དམའ་བའི་རྟགས་འདུས། ཨོལ་གོང་གཤེར་རྨེན་གྱི་ནད། མཁལ་མའི་འཕར་རྩ་དོག་འགགས། མཁལ་མའི་ངོས་ལ་གནོད་སྐྱོན་འབྱུང་བ། མཁལ་མགོའི་གཤེར་རྨེན་གྱི་ངོ་བོ་འགྱུར་བ། དབང་རྩའི་ནང་གི་སྐྲན་ནད་ཟགས་ཐོན་སོགས་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།