ཀྲུང་ནན་ཧྲན་གྱིས་རིམས་འགོག་སྨན་ཁབ་མྱུར་དུ་མ་བརྒྱབ་ན་ཉེན་ཁ་ཆེ་བར་བཤད།
2021.04.07 ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན། ཀློག་གྲངས། 22

ཀྲུང་གོས་རིམས་ནད་ཚོད་འཛིན་ཡག་པོ་བྱས་ནས་རིམས་འགོག་སྨན་ཁབ་རྒྱག་པའི་དུས་ཚོད་བརྩོན་ལེན་བྱེད་བཞིན་ཡོད།

ཀྲུང་ནན་ཧྲན་གྱིས་ཉེ་ལམ་ཀྲུང་གོའི་རིམས་འགོག་སྨན་ཁབ་བརྒྱབ་པའི་སྤྱི་གྲངས་འཛམ་གླིང་གི་ཨང་གཉིས་པ(ཨ་རི་ནི་མང་ཤོས་ཡིན)ཡིན་མོད། འོན་ཀྱང་བརྒྱ་ཆའི་གྲངས་ཚད་ལྟར་རྩིས་ན་ཀྲུང་གོའི་འགོག་ཁབ་བརྒྱབ་པའི་ཚད་ཧ་ཅང་དམའ་མོ་ཡིན་ཏེ། ད་ལྟ་ཀྲུང་གོས་ཐོན་སྐྱེད་རྒྱ་བསྐྱེད་ཤུགས་ཆེན་གཏོང་བཞིན་ཡོད་མོད། མིག་སྔའི་འགོག་ཁབ་བརྒྱབ་ཚད་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི་བཞི་ལས་ཟིན་མེད་ཅེས་གསུངས་འདུག

དེར་བརྟེན་སྤྱི་ཟླ་དྲུག་པའི་ཟླ་མཇུག་དང་སྤྱི་ཟླ་བདུན་པའི་ནང་བརྒྱ་ཆའི་བཞི་བཅུའི་མི་ལ་རིམས་འགོག་སྨན་ཁབ་རྒྱག་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། འགོག་ཁབ་བརྒྱབ་ན་ད་གཟོད་སྲུང་སྐྱོབ་ཅུང་ལེགས་པོ་བྱེད་ཐུབ་ངེས་ཡིན།

ཀྲུང་ནན་ཧྲན་གྱིས། ད་ལྟའི་གནས་ཚུལ་ལ་གཞིགས་ན་ཀྲུང་གོས་རྦད་དེ་སྒོ་མོ་འབྱེད་པ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད།

ཀྲུང་གོ་བ་མང་ཆེ་བས་ད་དུང་འགོག་ཁབ་བརྒྱབ་མེད་པས་ནད་དུག་དང་འཕྲད་པ་ཙམ་གྱིས་རིམས་ནད་འགོས་ཁྱབ་འགྲོ་སྲིད།

འོན་ཀྱང་མིག་སྔར་ཀྲུང་གོའི་མང་ཚོགས་མང་པོས་འགོག་ཁབ་ཀྱི་གལ་ཆེན་རང་བཞིན་ཤེས་ཀྱིན་མེད་པ་རེད། གང་ཡིན་ཟེར་ན། ཀྲུང་གོས་ཕྱི་ནང་གཉིས་ཀྱི་རིམས་འགོག་བྱ་བ་ཡག་པོ་བསྒྲུབས་པས་ནད་དུག་གི་ཉེན་ཁ་ཚོར་གྱིན་མེད་པས་རེད། འོན་ཀྱང་ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་བྱེད་སྐབས་ངེས་པར་དུ་འཛམ་གླིང་ཡོངས་ལ་སྒོ་འབྱེད་དགོས་པས་དུས་ནམ་ཡང་ཚོད་འཛིན་ནན་མོ་བྱས་ནས་འདུག་མི་རུང་ལ། སྐབས་དེ་དུས་རྒྱལ་ཁབ་ཚང་མས་འགོག་ཁབ་བརྒྱབ་ཟིན་པ་དང་ཀྲུང་གོ་བས་འགོག་ཁབ་བརྒྱབ་མེད་པའི་གནས་ཚུལ་ཐོན་པ་ཡིན་པས་ཀྲུང་གོ་རུ་རིམས་ནད་ཡང་བསྐྱར་འབྱུང་བའི་ཉེན་ཁ་ཡོད་ཅེས་གསུངས།

ཀྲུང་ནན་ཧྲན་གྱིས་བསྟན་དོན། ད་ལྟ་ང་ཚོས་ཚོད་འཛིན་ཡག་པོ་ཐུབ་པ་འདི་འགོག་ཁབ་རྒྱག་པར་དུས་ཚོད་བརྩོན་ལེན་བྱས་པ་ཡིན།

དེར་བརྟེན་རིམས་ནད་འགོག་ཁབ་རྒྱག་ཤུགས་ཆེ་རུ་གཏོང་དགོས། ད་ལྟ་རྒྱལ་ཁབ་ཀྱིས་དུས་ཐུང་ནང་འགོག་ཁབ་ཐོན་སྐྱེད་ཐུབ་པའི་བཟོ་ཁང་ཇེ་མང་དུ་གཏོང་བཞིན་ཡོད། གལ་ཏེ་མྱུར་ཚད་འདི་ལྟར་ཐོན་སྐྱེད་བྱས་ཚེ་ད་ལོའི་ལོ་མཇུག་ལ་ཕལ་ཆེར་འགོག་ཁབ་དུང་ཕྱུར་ཉི་ཤུ་སུམ་ཅུ་ཙམ་ཐོན་སྐྱེད་ཐུབ།

ཀྲུང་གོས་རྒྱལ་ནང་དུ་འགོག་ཁབ་རྒྱག་པ་དང་མཉམ་དུ་ཕྱི་ཕྱོགས་ལ་ཡང་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་ལས། “འགོག་ཁབ་ལ་མི་རིགས་རིང་ལུགས”ཀྱི་སྤྱོད་ཚུལ་འཛིན་གྱིན་མེད། འགོག་ཁབ་ཀྱི་སུམ་ཆའི་གཅིག་ཙམ་ཕྱི་ཕྱོགས་ལ་མཁོ་སྤྲོད་བྱས་ཡོད་ལ། དེའང་ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁས་བླངས་པ་དོན་འཁྱོལ་བྱས་པ་ཡིན།

ཆེད་མཁས་པས་འགོག་ཁབ་རྒྱག་ཚད་70%ནས་80%བར་སླེབས་པ་བྱས་ནས་སྤྱིའི་ཆ་ནས་ཚོགས་པའི་རིམས་ཐར་མངོན་འགྱུར་འབྱུང་བའི་རེ་བ་བྱེད་ཀྱིན་ཡོད།

ཀྲུང་གོའི་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་ཀྱི་དབུ་བཞུགས་ཆེད་མཁས་པ་ཝང་ཧྭ་ཆིང་གིས་ཟླ་3ཚེས་15ཉིན་ཚོགས་སྤྱིའི་རིམས་འགོག་འཛུགས་རྒྱུ་དེ་རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོང་ནུས་པ་དང་དེ་བཞིན་མི་ཚོགས་ཀྱི་འགོག་ཁབ་རྒྱག་ཚད་དང་འབྲེལ་བ་ཆེན་པོ་ཡོད་ཚུལ་བསྟན། ལྷ་འབྲུམ་རྩ་མེད་དུ་གཏོང་བར་མི་ཚོགས་ཀྱི་རིམས་ཐར་ནུས་པ་85%ཡས་མས་སུ་སླེབས་པར་བྱ་དགོས། འགོས་ཚད་ཆེ་བའི་སིབ་ནད་ལ་མཚོན་ན་རིམས་ཐར་ནུས་ཚད་95%ལ་སླེབས་ན་ད་གཟོད་ནད་རིགས་འདི་འགོག་ཐུབ།

སློབ་སྦྱོང་དང་། ལས་དོན། འཚོ་བ་བཅས་རྒྱུན་ལྡན་གྱི་རྣམ་པར་སླར་གསོ་བྱེད་འདོད་ན་ངེས་པར་དུ་པྲོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་བརྒྱབ་ནས་ཁྱོན་ཡོངས་ཀྱི་རིམས་ཐར་ནུས་པ་ཆགས་ཐབས་བྱེད་དགོས།

ལྷ་འབྲུམ་དང་སིབ་བིའི་ནད་སོགས་ཀྱི་ཉམས་མྱོང་ལ་བལྟས་ན་མིག་སྔར་རང་རྒྱལ་དུ་མི་ཐེངས་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་དགུ་ལྷག་ལ་འགོག་ཁབ་བརྒྱབ་ནས་རིམས་འགོག་གི་འགོ་ཡག་པོ་ཚུགས་ཡོད་མོད། ད་དུང་ཡང་རིམས་ཐར་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས་པ་ཡིན།

ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཀའོ་ཕུའུ་ཡིས་ཀྱང་2022ལོའི་ལོ་སྟོད་དང་ཐ་ན་ད་ལོའི་ལོ་མཇུག་ཏུ་སླེབས་སྐབས་ཀྲུང་གོའི་འགོག་ཁབ་རྒྱག་ཚད་70%ནས་80%བར་སླེབས་ནས་གཞི་རྩའི་ཆ་ནས་མི་ཚོགས་ཀྱི་རིམས་ཐར་ནུས་པ་ཆགས་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད། ཁོས་“རིམས་འགོག་སྨན་ཁབ་ག་ཚོད་བརྒྱབ་ན་གོ་ཆོད་མིན་དེ་ནད་དུག་རང་སྟེང་གི་ཁྱད་ཆོས་ལ་རག་ལས་ཡོད། པྲོག་དབྱིབས་ནད་དུག་གི་ད་ལྟའི་གཞི་རྩའི་ཁྱབ་སྤེལ་སྟོན་གྲངས་ལ་གཞིགས་ནས་70%ནས་80%བར་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད།”ཅེས་དང་། “རིམས་འགོག་སྨན་ཁབ་རྒྱག་པ་ནི་རྙོག་འཛིང་ཆེ་བའི་ཕྱོགས་བསྡུས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་དང་ཚང་མས་འབད་བརྩོན་བྱེད་ཀྱིན་ཡོད། སང་ལོའི་ལོ་མགོ་དང་ད་ལོའི་ལོ་མཇུག་ཏུ་ང་ཚོས་མངོན་འགྱུར་ཐུབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་བཤད་འདོད་ལ། འདིའང་ལས་རིམ་དེར་སྐུལ་འདེད་གཏོང་ པའི་སྐད་ཆ་ཞིག་ཡིན”ཞེས་བཤད་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གི་འགོག་ཁབ་བརྒྱབ་པའི་གནས་ཚུལ་ལ་གཞིགས་ན། 2021ལོའི་ཟླ་3ཚེས་29ཉིན་བར་ས་གནས་ཁག་གིས་བསྡོམས་པས་རིམས་འགོག་སྨན་ཁབ་ཐེངས་ཁྲི་11096.2བརྒྱབ་ཡོད་པ་རེད།། 

རྩོམ་སྒྲིག་པ། འབྲུག་མོ།