སྙིང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
2021.04.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

དེང་སྐབས་འཚོ་བའི་ཆ་རྐྱེན་རིམ་བཞིན་ཇེ་བཟང་དང་འཚོ་བའི་གོམ་འགྲོས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། མི་མང་པོ་ཞིག་གི་ལུས་པོའི་བདེ་ཐང་ལ་ནད་རིགས་སྣ་ཚོགས་ཀྱི་གནོད་པ་ཐེབས་བཞིན་ཡོད། སྙིང་ནད་ནི་དེའི་ནང་གི་འབྱུང་ཚད་ཅུང་མཐོ་བའི་ནད་གཞིའི་རིགས་ཤིག་ཡིན། སྙིང་ནད་འཕར་ཚེ། ནད་པའི་རྒྱུན་ལྡན་གྱི་འཚོ་བ་དང་བྱ་བར་ཤུགས་རྐྱེན་ཐེབས་པར་མ་ཟད། ཐ་ན་ནད་པའི་ཚེ་སྲོག་ལའང་ཉེན་ཁ་འབྱུང་སྲིད། དེས་ན་ང་ཚོས་ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཞེ་ན།

དུས་ལྟར་ལུས་ཕུང་ལ་བརྟག་དཔྱད་བྱེད་པ། རྒན་གཞོན་སུ་ཡིན་རུང་། རབ་ཡིན་ན་ལོ་རེར་ལུས་ཕུང་ལ་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་ལ། དུས་ཐོག་ཏུ་ནད་ངོས་ཟིན་པར་བྱེད་དགོས། སྙིང་ནད་བྱུང་བའི་ནད་པ་དག་གིས་ལོ་ཕྱེད་རེའི་ནང་དུ་ལུས་ཕུང་བརྟག་དཔྱད་ཐེངས་རེ་བྱེད་དགོས་ཤིང་། རྒྱུན་པར་ཁྲག་ཤེད་དང་ཁྲག་ཧྭགས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས།

ཐ་མག་གཅོད་པ། སྙིང་ནད་བྱུང་བའི་ནད་པས་ངེས་པར་དུ་ཐ་མག་གཅོད་དགོས། དེ་ནི་རང་ལ་སྲུང་སྐྱོབ་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིབ་འཇུག་བརྒྱུད་ནས་ཤེས་གསལ་ལྟར་ན། ཁྲག་ཤེད་མཐོ་བའི་ནད་པ་དང་མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ནད་པས་ཐ་མག་འཐེན་ན་ནད་དེའི་རིགས་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཏེ། སྙིང་རྩ་རེངས་པའི་ནད་ཀྱི་འབྱུང་ཚད་དང་ཉེན་ཁའི་རྒྱུ་རྐྱེན་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་བ་དང་། གློ་བུར་རྐྱེན་ལམ་དུ་ཤོར་ཚད་ཇེ་མཐོར་འགྲོ་བ་རེད། དེ་བས། སྙིང་ནད་བྱུང་བའི་ནད་པས་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱེད་འདོད་ན་ངེས་པར་དུ་ཐ་མག་གཅོད་དགོས།

བཟའ་བཏུང་དོ་མཉམ་ཡོང་བར་བྱེད་པ། དུས་རྒྱུན་གྱི་ཟ་མའི་འཚོ་བཅུད་དོ་མཉམ་ཡོང་བར་འབད་པ་དང་། སྲོག་ཆགས་ཀྱི་སྣུམ་ཉུང་ཙམ་ཟ་བ་དང་རྩི་ཤིང་གི་སྣུམ་མང་ཙམ་ཟ་དགོས། དགོང་ཟས་ལ་སྣུམ་མང་པོ་མི་ཟ་བ་དང་འགྲང་ཚད་རན་པར་ཟ་བ། མཚན་ཟས་མང་པོ་མི་ཟ་བ། འཚོ་རྒྱུ་མང་ཙམ་ཁ་གསབ་བྱེད་པ་དང་སིལ་ཏོག་གསར་བ་མང་ཙམ་ཟ་དགོས།

ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་དགོས། སྙིང་ནད་བྱུང་བའི་ནད་པས་ངེས་པར་དུ་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་དགོས་ཏེ། ཚིལ་མང་དྲགས་ན་ཁྲག་ཚིལ་ཇེ་མཐོར་ཕྱིན་ནས་སྙིང་ཤའི་ཁུར་པོ་ཇེ་ལྕིར་འགྲོ་བར་མ་ཟད། ཁྲག་ཤེད་མཐོ་བའི་ནད་ཀྱང་འབྱུང་ཉེན་ཆེ། འདི་དག་ནི་སྙིང་ནད་བྱུང་བའི་ནད་པར་མཚོན་ན་མུ་གེའི་སྟེང་ཟླ་ལྷག་བསྣན་པ་ལྟ་བུ་རེད།

རྩྭ་འགག་པ་སྔོན་འགོག་བྱེད་དགོས། འདི་ཡང་སྙིང་ནད་བྱུང་བའི་ནད་པར་མཚོན་ན་ཧ་ཅང་གལ་ཆེ་སྟེ། རྩྭ་འགག་ཚེ་སྙིང་ཁམས་ཁྲག་རྩའི་དོན་རྐྱེན་འབྱུང་སླའོ། །

འགྲོ་འདུག་ཚད་དང་རན་པ། སྙིང་ནད་བྱུང་བའི་ནད་པས་ངེས་པར་དུ་འཚོ་བའི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས། དུས་ལྟར་མལ་ལས་ལངས་པ་དང་། དུས་ལྟར་ཟ་མ་ཟ་བ། དུས་ལྟར་ཉལ་བ། ཆོས་ཉིད་ལྡན་པའི་ལུས་སྦྱོང་སོགས་བྱེད་དགོས་ལ། ད་དུང་མཚན་བརྒལ་བ་དང་གཉིད་ཆགས་མི་རུང་། རྒྱུ་མཚན་ནི་མཚན་བརྒལ་བ་དང་གཉིད་ཆགས་ཚེ་སྙིང་ཁམས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བས་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།