ཟུངས་ཁྲག་ཉམས་པའི་ནད་ཀྱི་གནོད་འཚེ་དང་འབྱུང་རྐྱེན།
2021.04.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

རྒན་པ་རྣམས་ལ་རྒྱུན་དུ་མགོ་ཡོམ་འཁོར་བ་དང་ལུས་ལ་ཤེད་ཤུགས་མེད་པ། བྲང་ཁོག་མི་བདེ་བ། སེམས་འཚབ་པ་སོགས་ཀྱི་ནད་རྟགས་མངོན་པ་དང་། ཁོ་ཚོས་དེ་ནི་ཀླད་སྙིང་ཁྲག་རྩའི་ནད་རྟགས་ཡིན་པར་བསམས་ནས་སྣང་མེད་དུ་འཇོག་གིན་ཡོད། དོན་དངོས་སུ་ཟུངས་ཁྲག་ཉམས་པའི་ནད་ལའང་གོང་གི་ནད་རྟགས་དེ་དག་ཡོད་ལ། ཟུངས་ཁྲག་ཉམས་པའི་ནད་ནི་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་ནད་རིགས་ཤིག་རེད།

ཟུངས་ཁྲག་ཉམས་པའི་ནད་ཀྱི་གནོད་འཚེ།

ཟུངས་ཁྲག་ཉམས་པ་ནི་མགོ་ཡོམ་འཁོར་བ་དང་ངོ་མདངས་མི་ལེགས་པ་ཁོ་ན་ཙམ་མ་ཡིན་པར། དེ་ནི་དབྱང་འཁྱེར་ཁྲག་དམར་སྤྲི་དཀར་ཇེ་ཉུང་དུ་སོང་བའི་དབང་གིས། ལུས་ཡོངས་ཀྱི་ཕུང་གྲུབ་དང་དབང་པོར་དབྱང་རླུང་གིས་མ་འདང་བ་ལས་བྱུང་བ་རེད། སྤྱིར་བཏང་དུ་ཁྲག་དམར་སྤྲི་དཀར་ཧྲིན་རེར་ཁེ60~90ཡིན་པའི་སྐབས་སུ་ཁྲག་དཀོན་འབྲིང་བ་དང་། ཧྲིན་རེར་ཁེ30~60ཡིན་པའི་སྐབས་སུ་ཁྲག་དཀོན་ལྕི་མོ། ཧྲིན་རེར་ཁེ30ཡི་མན་ཡིན་པའི་སྐབས་སུ་ཁྲག་དཀོན་ཚབས་ཆེན་བཅས་ཡིན། ཟུངས་ཁྲག་ཉམས་པ་ཚབས་ཆེ་བའི་སྐབས་སུ་ཟ་མར་ཡི་ག་མེད་པ་དང་ཞེན་ཁ་ལོག་པ། གསུས་ཁོག་སྦོས་པ། མཁྲིས་སེར་འབྱུང་བ། དྲན་པ་ཉམས་པ་བཅས་ཀྱི་ནད་རྟགས་མངོན་ཞིང་། དུས་མཚུངས་སུ་སྙིང་འཕར་བ་དང་དབུགས་འཚང་བ། བྲང་ཁོག་མི་བདེ་བ། སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་བ་སོགས་ཀྱི་སྣང་ཚུལ་འབྱུང་ལ། ལྷག་པར་དུ་རྒན་པ་རྣམས་ལ་མཚོན་ན་མ་གཞི་ནས་བློ་སྙིང་གི་བྱེད་ནུས་ཞན་པས་ཟུངས་ཁྲག་ཉམས་པའི་ནད་བྱུང་རྗེས། སྙིང་གི་བྱེད་ནུས་ཉམས་སྟེ་སྙིང་ནད་འབྱུང་བ་དང་ཚེ་སྲོག་ལའང་ཉེན་ཁ་ཡོད།

ཟུངས་ཁྲག་ཉམས་པའི་ནད་ཀྱི་འབྱུང་རྐྱེན།

ཟུངས་ཁྲག་ཉམས་པའི་ནད་ཀྱི་འབྱུང་རྐྱེན་ནི་འཚོ་བཅུད་མ་འདང་བ་ཁོ་ན་མ་ཡིན་པར་རྒྱུ་རྐྱེན་གཞན་པ་མང་པོ་ཡོད། རྒན་པའི་ཟུངས་ཁྲག་ཉམས་པ་ལ་ནད་རྟགས་སྣ་ཚོགས་འབྱུང་བ་ལས་གཅིག་གྱུར་གྱི་ནད་རྟགས་ཤིག་མེད། རྒྱུན་པར་ཁོང་ནད་གཞན་པ་དང་སྦྲགས་ཏེ་འབྱུང་ཞིང་། ལན་རེར་ཁོང་ནད་གཞན་པའི་ནད་རྟགས་ཀྱིས་ཟུངས་ཁྲག་ཉམས་པའི་ནད་རྟགས་བཀབ་པའི་སྣང་ཚུལ་ཡོད་པས། རྒན་པའི་ཟུངས་ཁྲག་ཉམས་པའི་ནད་ཀྱི་འབྱུང་རྐྱེན་ལ་ཕྱོགས་མང་པོ་ནས་བསམ་བློ་གཏོང་དགོས།

ཕྲ་ཕུང་དམར་པོའི་བོངས་ཚད་ལྟར་ཟུངས་ཁྲག་ཉམས་པའི་ནད་ལ་ཕྲ་ཕུང་ཆུང་བའི་མདོག་རྒྱུ་དམའ་བའི་ཟུངས་ཁྲག་ཉམས་པ་དང་། ཕྲ་ཕུང་ཆེ་བའི་ཟུངས་ཁྲག་ཉམས་པ། ཕྲ་ཕུང་དངོས་མའི་མདོག་རྒྱུ་དངོས་མ་ཅན་གྱི་ཟུངས་ཁྲག་ཉམས་པ་བཅས་རིགས་གསུམ་དུ་དབྱེ་ཡོད།

ཕྲ་ཕུང་ཆུང་བའི་མདོག་རྒྱུ་དམའ་བའི་ཟུངས་ཁྲག་ཉམས་པ་ལ། རྒྱུན་པར་ལྕགས་དཀོན་པའི་རང་བཞིན་གྱི་ཟུངས་ཁྲག་ཉམས་པ་དང་དལ་གཤིས་ནད་རིགས་རང་བཞིན་གྱི་ཟུངས་ཁྲག་ཉམས་པ་གཉིས་ཡོད། རྒན་པའི་ཟུངས་ཁྲག་ཉམས་པའི་ནད་ནི་རྒྱུན་དུ་སྐྲན་ནད་རང་བཞིན་གྱི་ནད་རིགས་དང་ལྷག་པར་དུ་འཇུ་ལམ་སྐྲན་ནད་ཀྱིས་བསླངས་པ་ཡིན་ལ། གལ་ཏེ་དུས་ཐོག་ཏུ་མ་ཤེས་པའམ་ཡང་ན་གསོ་བཅོས་བྱེད་མ་ཐུབ་ན་འཇུ་ལམ་ནས་ཁྲག་རྡོལ་བ་དང་སྐྲན་ནད་ངན་འགྱུར་གྱི་གནས་ཚུལ་འབྱུང་སྲིད།

ཕྲ་ཕུང་ཆེ་བའི་ཟུངས་ཁྲག་ཉམས་པ་ནི་དབང་པོ་རྒས་འགྱུར་དང་ཕོ་ངོས་ཀྱི་ཕྲ་ཕུང་ཁུམ་པ། ཕོ་བའི་ཆུ་སྐྱུར་དང་ནང་སྐྱུར་ཟགས་ཐོན་མི་འདང་བ་བཅས་དང་། དེའི་ཁར་ཟ་མར་ཡི་ག་མེད་པ་དང་སོ་ཡི་བལྡད་ནུས་ཇེ་ཞན་དུ་འགྲོ་བ། སོ་ཡིས་མི་ཆོད་པའི་དབང་གིས་ཟས་རིགས་མང་པོ་ཞིག་དུས་ཡུན་རིང་པོར་བཟའ་མི་ཐུབ་པ་སོགས་ཀྱིས་ཁྲག་བཟོའི་མ་རྒྱུ་ལོ་མའི་སྐྱུར་དང་འཚོ་བཅུདB_12གཉིས་ཀྱིས་མ་འདང་བས། ཕྲ་ཕུང་ཆེར་བསྐྱེད་རང་བཞིན་གྱི་ཟུངས་ཁྲག་ཉམས་པའི་ནད་བསླང་ཞིང་། དེ་ནི་ཕྲ་ཕུང་ཆེ་བའི་ཟུངས་ཁྲག་ཉམས་པའི་ནད་རིགས་ཤིག་ཡིན་པས། ཚབས་ཆེ་དུས་རྒྱུན་དུ་ཁྲག་རྡུལ་འབྱུང་བ་དང་ཕྲ་ཕུང་དཀར་པོ་ཇེ་ཉུང་དུ་འགྲོ་བ། ཁྲག་ཞུ་བ། གཅིན་པ་དམར་པོར་འགྱུར་བ། མཁྲིས་སེར་འབྱུང་བ་དང་། ཐ་ན་དྲན་ཤེས་ཉམས་པ་སོགས་ཀྱི་ནད་རྟགས་མངོན་ཏེ། རྒན་པ་ཚོའི་འཚོ་བར་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད།

ཕྲ་ཕུང་དངོས་མའི་མདོག་རྒྱུ་དངོས་མ་ཅན་གྱི་ཟུངས་ཁྲག་ཉམས་པ་ནི་རྒན་པ་རྣམས་ཀྱིས་སྣང་མེད་དུ་འཇོག་མི་རུང་བའི་ཁྲག་གཤེར་ཚན་ཁག་གི་ཆེད་ཚན་ནད་རིགས་ཤིག་ཡིན་ལ། རྒྱུན་འབྱུང་གི་རྐང་མར་སྐྲན་ནད་ཅན་ཚོར་མཚོན་ན་ལྷག་ཏུ་དེ་ལྟར་རོ།། ནད་འདིའི་བྱུང་ཚད་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཁྲག་རིལ་དཀར་པོའི་འབྲས་སྐྲན་གྱི་རྗེས་ཟིན་ལ་ཡོད། ཐོག་མའི་དུས་སུ་ཟུངས་ཁྲག་ཉམས་པའི་ནད་རྟགས་ལས་མི་མངོན་པས་ཚོར་དཀའ་ཞིང་། ནད་རྟགས་མངོན་གསལ་འབྱུང་བའི་སྐབས་སུ་ནད་གཞི་ཚབས་ཆེན་དུ་གྱུར་ཡོད། དེ་བས་སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་གསོ་བཅོས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་སྣང་མེད་དུ་གཏན་ནས་འཇོག་མི་རུང་།

གོང་གི་གནས་ཚུལ་དེ་དག་ལ་གཞིགས་ན། རྒན་པའི་ཟུངས་ཁྲག་ཉམས་པར་རྒྱུ་རྐྱེན་མང་ཞིང་རྙོག་འཛིང་ཆེ། འབྱུང་རྐྱེན་གསལ་པོ་ཤེས་ན་ད་གཟོད་ནུས་ལྡན་གྱི་གསོ་བཅོས་བྱེད་ཐུབ། འབྱུང་རྐྱེན་གསལ་པོ་མ་བཙལ་བར་འཚོ་བཅུད་མི་འདང་བ་ཁོ་ནར་བསམ་བློ་བཏང་སྟེ། སྤྲི་དཀར་ཁ་གསབ་བྱེད་པ་དང་། ཁ་སུར་དམར་པོ་དང་སྲན་དམར་སོགས་སྤྱད་དེ་རང་སྟེང་ནས་གསོ་བཅོས་བྱས་ན་ནད་གཞིར་འགོར་འགྱངས་ཐེབས་སྲིད་པས། རྒན་པར་ཟུངས་ཁྲག་ཉམས་པའི་ནད་ཡོད་པ་ཤེས་རྗེས། དུས་ཐོག་ཏུ་སྨན་ཁང་ལ་བསྐྱལ་ནས་གསོ་བཅོས་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།