ཁྲག་ཚིལ་མཐོ་བའི་ནད་ནི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁྲག་ཁུའི་ཁྲོད་ཀྱི་མཁྲིས་རྒྱུ་གཤེར་རྩི་དང་ཡང་ན་མངར་སྣུམ་ཐེན་གསུམ་གྱི་ཚད་ཇེ་མཐོར་སོང་བ་ལ་ཟེར། དེས་ཐད་ཀར་མིའི་ལུས་ཁམས་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་པའི་ནད་རིགས་ཁ་ཤས་སློང་བ་སྟེ། དཔེར་ན་འཕར་རྩ་འགག་པ། སྙིང་ནད་དང་གཤེར་མའི་གཉན་ཚད་ལྟ་བུ་སོགས་ཡོད། དེ་ནི་རྒན་པ་དང་དར་མར་འབྱུང་བའི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། ཀུན་གྱིས་དོ་སྣང་ཚད་མེད་དང་རྒན་དར་གཉིས་ཀའི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་ནད་རིགས་ཤིག་ཀྱང་རེད།
ཁྲག་ཚིལ་མཐོ་བའི་ནད་ལ་གདོད་འབྱུང་རང་བཞིན་ཅན་དང་རྗེས་འབྱུང་རང་བཞིན་ཅན་གྱི་རིགས་གཉིས་ཡོད། གདོད་འབྱུང་རང་བཞིན་ཅན་ནི་རྒྱུད་འདེད་པ་ཡིན་ལ། རྗེས་འབྱུང་རང་བཞིན་ཅན་ནི་ཕལ་ཆེ་བ་བརྗེ་ཚབ་རང་བཞིན་འཁྲུགས་པའི་ནད་རིགས་ལས་བྱུང་བ་རེད། དཔེར་ན་གཅིན་སྙི་ཟ་ཁུའི་ནད་དང་། ཁྲག་ཤེད་མཐོ་བའི་ནད། འབྱར་བག་རང་བཞིན་གྱི་ཆུ་སྐྲངས། ཨོལ་གོང་གཤེར་རྨེན་གྱི་ནུས་པ་ཞན་པ། ཚོ་འབུད་པ། མཆིན་པ་དང་མཁལ་མའི་ནད། མཁལ་སྟེང་གཤེར་རྨེན་པགས་རྫས་ཀྱི་བྱེད་ནུས་ཚད་ལས་བརྒལ་བའམ་ཡང་ན་ལོ་ཚོད་དང་། ཕོ་མོ། དུས་ཚིགས། ཆང་འཐུང་བ། དུ་བ་འཐེན་པ། བཟའ་བཏུང་། ལུས་ཤུགས་འགུལ་སྐྱོད། སེམས་འཚབ་པ་དང་། སེམས་ཁམས་ཀྱི་འགྱུར་བ་སོགས་རྒྱུ་རྐྱེན་གཞན་དག་དང་འབྲེལ་བ་ཡོད།
ཁྲག་ཚིལ་མཐོ་བའི་ནད་སྔོན་འགོག་བྱེད་པ་ལ་འགོག་བཅོས་ཀྱི་རྩ་དོན་ཆེན་པོ་གསུམ་ཡོད་པ་གཤམ་གསལ་ལྟར།
འཚོ་བའི་གོམས་གཤིས་ལེགས་པོ་ཡོད་དགོས་པ། དུ་བ་དང་ཆང་གཅོད་པ། ལུས་སྦྱོང་བྱེད་པར་ཤུགས་སྣོན་པ། ལུས་རྩལ་བྱ་འགུལ་འོས་འཚམ་འདེམ་པ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པ། སེམས་ཁྲལ་འདོར་བ། སེམས་ཁམས་བདེ་འགོད། ལྷིང་འཇགས་ཀྱིས་ལུས་ཁམས་གསོ་བ་སོགས་བྱེད་དགོས།
བཟའ་བཏུང་ལ་བརྟེན་ནས་གསོ་བཅོས་བྱེད་པ། སྲོག་ཆགས་ཀྱི་ཚིལ་དང་ནང་ཁྲོལ། འོ་སྣུམ་ལྟ་བུ་སོགས་མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཟས་རིགས་མང་པོ་སྤྱོད་མི་རུང་བ་དང་། བཟའ་བཏུང་གི་གྲུབ་ཚུལ་འོས་འཚམ་གྱིས་སྡེབ་པ་སྟེ། སྤྲི་དཀར15%། ཚིལ20%། ཐན་ཆུ་འདྲེས་སྦྱོར་རྫས(མངར་ཆའི་རིགས)65%། ད་དུང་སྤུས་ལེགས་སྤྲི་དཀར་གྱིས་ཁ་གསབ་རྒྱག་པ། སྔོ་ཚོད་གསར་པ་མང་དུ་བཟའ་བ་དང་སིལ་ཏོག་གི་རིགས་ཀྱང་འོས་འཚམ་གྱིས་བཟའ་དགོས། ལྡུམ་སྒོང་དང་ཙོང་རིལ། སྐྱུ་རུ་ར། ཀྲོ་མ་ཀྲུ། སྲན་བཟོས་ཐོན་རྫས། སྲན་ཆེན། མ་རྨོས་ལོ་ཏོག སྟར་ཀ་དང་འོ་མ་སོགས་ནི་མང་དུ་སྤྱད་ཆོག
ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པ། ཚོན་པོ་ཚོས་བཟའ་བཏུང་ལ་ཚོད་འཛིན་དང་འཐུང་ཚད་ཚོད་འཛིན། ཟད་གྲོན་འཕར་སྣོན་བཅས་བྱས་པར་བརྟེན་ནས་ལུས་པོའི་ལྗིད་ཚད་རིམ་གྱིས་ཚད་ལྡན་དུ་གཏོང་དགོས། །
སྙིང་གཟེར་ལངས་ན་ཇི་ལྟར་བྱ་དགོས།
སྙིང་གཟེར་ལངས་པ་ནི་པྲོག་དབྱིབས་འཕར་རྩས་ཁྲག་བཏོན་པ་ཉུང་ཞིང་། སྙིང་རྩ་འགགས་ནས་ཁྲག་གིས་མི་འདང་བ་དང་དབྱང་དབུགས་དཀོན་པ་སོགས་ཀྱིས་བསྐྱེད་པའི་བྲང་གཟེར་དང་བྲང་ཀ་མི་བདེ་བ་གཙོ་བྱས་པའི་ནད་ཐོག་འདུས་ནད་ཅིག་རེད།
བྲང་གཟེར་རྒྱག་སྐབས་གཙོ་བོ་བྲང་མདུན་བཙིར་གནོན་བྱེད་པ་ལྟར་ན་བ་ཞིག་ཡིན་མོད། འོན་ཀྱང་བྲང་རུས་ཀྱི་རྒྱབ་ངོས་ན་བའི་ནད་རྟགས་གཞན་ཀྱང་ཡོད་པ་རེད། སྙིང་གཟེར་རམ་བྲང་གཟེར་ལངས་དུས་ངལ་གསོ་བའམ་ཟེ་ཚྭའི་སྐྱུར་རིགས་བསྟེན་ན་ན་ཟུག་འཇགས་པར་ཕན་པ་ཡོད། །
རྩོམ་སྒྲིག་པ། འབྲུག་མོ།