དབྱར་ཁ་དྲོ་ཞིང་དགུན་ཁ་འཁྱག་པའི་དུས་བཞིའི་འཁོར་སྐྱོད་དང་བསྟུན་ནས། ང་ཚོའི་ལུས་ཕུང་གིས་ཀྱང་དེ་མ་ཐག་དྲོད་ཚད་ཀྱི་འཕར་ཆག་དང་ཁོར་ཡུག་གི་དྲོད་གྲང་ཐེག་ཐུབ། དེ་ལ་ཀྲུང་ལུགས་གསོ་རིག་གི་སྟེང་དྲོད་ཚད་ཚོར་བའི་ནུས་པ་ཟེར། རང་བྱུང་ཁམས་ཆེན་མོས་མིའི་རིགས་ལ་བསྩལ་བའི་ཁོར་ཡུག་དང་འཕྲོད་པའི་ནུས་པ་སྟེ། ལུས་ཕུང་ལ་གྲང་ངར་མི་ཐེབས་པ་དང་ཚ་དྲགས་པའི་དངོས་ལུགས་ཀྱི་གནོད་འཚེ་མི་ཐེབས་པར་སྲུང་སྐྱོབ་བྱེད་ཐུབ། ཚོར་བ་འདིའི་རིགས་ཀྱིས་ད་དུང་སྔར་ལས་ཕུན་སུམ་ཚོགས་པའི་གསང་བའི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་ཐུབ། གྲང་མི་ཐེག་པ་དང་ཁོར་ཡུག་གི་དྲོད་ཚད་ཇེ་དམའ་རུ་འགྲོ་བར་ཐད་ཀར་འབྲེལ་བ་མེད་པའམ་ཡང་ན་ལྭ་བ་དྲོན་པོ་གྱོན་རུང་སྔར་བཞིན་གྲང་མི་ཐེག་པ་ནི་ཕལ་ཆེར་ལུས་ཕུང་གི་གནས་མི་འདྲ་བ་གང་རུང་ནས་རོགས་སྐྱོར་མཁོ་བའི་ཉེན་བརྡ་གཏོང་བཞིན་པ་རེད།
གྲང་མི་ཐེག་པའི་བྱེ་བྲག་གི་མངོན་ཚུལ་དང་རྒྱུ་རྐྱེན།
ཕོ་བའི་མེ་དྲོད་ཉམས་པ། ཟ་མ་འཁྱག་པ་ཅུང་ཙམ་ཟ་བའམ་ཇ་ལྗང་ཉུང་ཙམ་འཐུང་ནའང་ཕོ་བ་མི་བདེ་བ་དང་ཕོ་བ་སྦོས་པ་དང་ཕོ་བ་ན་བའི་ཚོར་བ་ཡོད་པ། གལ་ཏེ་སྔོན་ཆད་གནས་ཚུལ་འདི་འདྲ་མེད་ལ་ཉེ་ལམ་གློ་བུར་དུ་བྱུང་ན། ཕལ་ཆེར་ཟ་མ་འཁྱག་པ་ཟོས་ནས་ཕོ་བའི་མེ་དྲོད་ཉམས་པ་དང་འབྲེལ་བ་ཡོད། གལ་ཏེ་ཚུལ་འདི་འདྲ་ཡང་དང་བསྐྱར་དུ་བྱུང་ན་ཕོ་བ་དང་མཚེར་བའི་བྱེད་ལས་ཉམས་ཞན་དུ་གྱུར་པ་དང་གདགས་རླུང་གིས་མི་འདང་བའི་མཚོན་རྟགས་ཡིན།
པུས་ཚིགས་དང་བྱིན་པས་གྲང་མི་ཐེག་པ།
རྒྱུན་པར་གནམ་གཤིས་འགྱུར་ལྡོག་འབྱུང་བའི་སྐབས་དང་ཡང་ན་དུས་ཚིགས་བརྗེ་བའི་སྐབས་སུ། པུས་ཚིགས་དང་བྱིན་པས་གྲང་ངར་མི་ཐེག་པར་མ་ཟད་ཤ་གྲིམ་དང་རུས་ཚིགས་ན་བ་དང་གྲང་ངར་ཕོག་རྗེས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། དེ་ནི་གྲང་ངར་དང་བརླན་གཤེར་ཆེ་བའི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པ་ཕུད། པུས་ཚིགས་དང་བྱིན་པས་གྲང་མི་ཐེག་པ་དེར་ད་དུང་རྒྱུན་མཐོང་གི་སློང་རྐྱེན་གཞན་ཞིག་ཡོད་པ་ནི། རུས་ཚིགས་དང་རྒྱུས་པ། ཤ་གྲིམ་བཅས་ལ་གནོད་སྐྱོན་ཐེབས་པ་སྟེ། དུས་ཡུན་རིང་པོར་ལུས་ཤུགས་ངལ་རྩོལ་བྱས་པ་དང་། རྐང་ཐང་དུ་འགྲོ་སྟངས་འོས་འཚམ་མིན་པ་དང་རྒས་པ་སོགས་ཀྱི་རྐྱེན་གྱིས་བྱུང་བ་ཡིན། ཀྲུང་ལུགས་གསོ་རིག་གིས་ངལ་དུབ་ཆེ་བས་རུས་ཚིགས་སོགས་ལ་གནོད་སྐྱོན་ཐེབས་པ་དེས་ཁྲག་ཁྲ་འབྱུང་དུ་འཇུག་པ་དང་། རྩ་ལམ་འགག་པ། ཆ་ཤས་ཀྱི་ཁྲག་རྒྱུན་འཁོར་རྒྱུག་ཇེ་ཞན་དུ་གཏོང་བ། གདགས་རླུང་འཁོར་སྐྱོད་ལ་བཀག་འགོག་ཐེབས་སུ་བཅུག་ནས་མཇུག་འབྲས་ནི་རུས་ཚིགས་གྲང་བསིལ་བྱེད་པ་དེ་ཡིན་པར་འདོད།
སྐེད་པ་གྲང་བསིལ་བྱེད་པ།
གྲང་བརླན་སྐེད་པར་འགག་པ་དེས་སྐེད་པར་གྲང་བསིལ་བྱེད་དུ་བཅུག་པ་རེད། ཀྲུང་ལུགས་གསོ་རིག་གིས་སྐེད་པ་ནི་མཁལ་མའི་གནད་ཡིན་པས། མཁལ་མའི་ནུས་པ་ཇེ་ཞན་དུ་གྱུར་ཚེ། སྐེད་པ་གྲང་བ་དང་། སྐེད་པ་དང་པུས་མོ་ན་སྲིད་ཟེར། གཞན་ཡང་སྐེད་པར་རྨས་སྐྱོན་ཕོག་པ་དང་སྐེད་པའི་ཤ་གྲིམ་ལ་ངལ་དུབ་ཀྱིས་གནོད་སྐྱོན་ཐེབས་པ། སྒལ་ཚིགས་མཁར་མཚམས་ཕྱིར་འབུར་བ་སོགས་ཀྱིས་གདགས་རླུང་འཁོར་སྐྱོད་ལ་འགོག་རྐྱེན་བཟོ་བར་མ་ཟད། སྐེད་པར་གྲང་བསིལ་བྱེད་པའང་ཡོད།
རྒྱབ་གྲང་བ།
ད་དུང་མི་ལ་ལའི་གྲང་མི་ཐེག་པའི་གནས་ཅུང་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། རྒྱབ་གྱི་ལག་མཐིལ་ཙམ་གྱི་གནས་དེར་རྒྱུན་པར་གྲང་བསིལ་བྱེད་པའི་ཚོར་སྣང་ཡོད།
ནད་རྟགས་འདིའི་རིགས་འབྱུང་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་ནི། ཀྲུང་ལུགས་གསོ་རིག་གི་གསུང་རབ《དཀའ་གནད་གསེར་སྒྲོམ》ལས་བསྟན་ཡོད་དེ། “སྐོམ་དེ་སྙིང་གི་འོག་ཏུ་ལུས་པས། རྒྱབ་ཀྱི་དམིགས་སུ་གྲང་བ་འཕེལ་ཏེ་གནས།ཞེས་པ་དེའི་འགྲེལ་ནི། ལུད་པ་གར་སླ་གཉིས་(ལུས་ཀྱི་གཤེར་བའི་ཆ་དེ་ཟུངས་སུ་རྒྱུ་མ་ཐུབ་པར། ལུས་ཀྱི་བུ་ག་གཞན་གྱི་གནས་སུ་སྡོད་པའམ་ཤོར་བས་ནད་རྟགས་སྟོན་པ་ཡིན། )སྙིང་གི་འོག་ཏུ་ཚོགས་པ་ལས། རླུང་དེ་ཚུལ་བཞིན་རྒྱབ་ལ་རྒྱུ་མ་ཐུབ་པས། མངོན་རྟགས་འདི་འདྲ་བྱུང་བ་རེད།
རྐང་ལག་བཞི་པོ་གྲང་བསིལ་བྱེད་པ། གྲང་ངར་ཕོག་པ་ལས་གཞན་ནད་གཞི་ཕོག་སྐབས་གློ་བུར་དུ་ཐོན་པའི་རྐང་ལག་བཞི་པོ་གྲང་ཤུམ་བྱེད་པ་དང་ངོ་མདོག་སྐྱ་བོར་འགྱུར་པ་ནི་ནད་གཞི་ལྕི་རུ་འགྲོ་བའི་མངོན་ཚུལ་ཞིག་ཡིན་སྲིད། དེ་བས་ཀྱང་རྒྱུན་པར་མཐོང་ཐུབ་པ་ཞིག་ནི། མི་ལ་ལར་དམིགས་བསལ་དུ་མི་བདེ་བའི་ཚོར་སྣང་མེད་ལ། གནམ་གཤིས་ཀྱི་འགྱུར་ལྡོག་གམ་ཡང་ན་དུས་ཚིགས་བརྗེ་བའི་སྐབས་སུ་རྐང་ལག་འཁྱགས་པའི་གནས་ཚུལ་འབྱུང་གི་ཡོད་པ་རེད། ཀྲུང་ལུགས་གསོ་རིག་གིས་རྐང་ལག་བཞི་བོ་གྲང་བསིལ་བྱེད་པ་དེ་ལ་ལྡོག་བཞི་ཟེར། གདགས་རླུང་འཁོར་སྐྱོད་ལ་འགལ་རྐྱེན་ཐེབས་པའམ་ཡང་ན་གདགས་རླུང་ཉམས་ཞན་དུ་གྱུར་བས་རྐང་ལག་ལ་ཤུགས་རྐྱེན་ཐེབས་པར་འདོད། ནད་ཐོག་སྨན་བཅོས་ཁྲོད། རྐང་ལག་འཁྱག་པ་ནི་དུས་ཡུན་རིང་བོར་ཟས་བཀག་ནས་ཚོ་བྱང་དུ་འཇུག་པའམ་ཡང་ན་བཟའ་བཏུང་གི་གོམས་གཤིས་མི་ལེགས་པའི་མི་རྣམས་ལ་འབྱུང་བ་སྟེ། གཙོ་བོར་འཚོ་བཅུད་ཀྱིས་མ་འདང་བ་ལས་གདགས་རླུང་ཇེ་ཞན་དུ་གྱུར་ནས་བྱུང་བ་རེད། གལ་ཏེ་དོ་སྣང་མ་བྱས་ཚེ། ལུས་སྟོབས་སྔར་ལས་ཇེ་ཞན་དུ་གྱུར་ནས་ཚབས་ཆེ་བའི་གནད་དོན་འབྱུང་སྲིད་ཅིང་། བུད་མེད་ལ་ཟླ་མཚན་མི་སྙོམས་པ་དང་། ཟླ་མཚན་ཆད་པ། མངལ་མི་ཆགས་པ་སོགས་འབྱུང་སྲིད་ལ། སྐྱེས་པར་མཚན་མའི་བྱེད་ལས་ལ་འགོག་རྐྱེན་ཐེབས་པ་དང་རིམས་འགོག་ནུས་པ་ཞན་པ་སོགས་འབྱུང་སྲིད།
བྱེད་ཐབས་རིགས་བཞི་ལ་བརྟེན་ནས་སྙོམས་སྒྲག་བྱེད་ཐབས།
གོང་གི་གྲང་ངར་མི་ཐེག་པའི་གནད་དོན་ཚང་མ་དོན་ལྔ་སྣོད་དྲུག་གི་ནུས་པ་ཞན་པ་དང་གདགས་རླུང་མ་འདང་བ་དང་འབྲེལ་བ་ཡོད་པ་ང་ཚོས་ཤེས་ཐུབ། དེ་བས་གདགས་རླུང་སྙོམས་སྒྲིག་བྱེད་རྒྱུ་ནི་གཙོ་བོ་ཡིན།
བཟའ་བཏུང་གི་ཐད་ནས།
རོ་སྙོམས་པ་དང་རླུང་ལ་ཕན་པའི་ཟས་བསྟེན་དགོས་ཏེ། དཔེར་ན། ཤིང་ཏོག་འབྲུག་མིག་དང་(龙眼肉) འཕང་འབྲས། སིལ་དམར་བཅས་བསྟེན་པ་དང་། དེ་མིན་མཁལ་དྲོད་བསྐྱེད་པ་དང་རླུང་ལ་ཕན་པའི་སྨན་འོས་འཚམ་སྒོས་བསྟེན་དགོས། དུས་མཚུངས་སུ་བསིལ་བའི་རང་བཞིན་གྱི་ཟས་དང་སྣུམ་ཞགས་ཆེ་བའི་ཟས། རོ་ཁ་བའི་ཟས་སོགས་བསྟེན་མི་རུང་།
དངོས་སྤྱད་ཀྱི་གསོ་ཐབས་ཐད་ནས།
གསང་མིག་འཕུར་མཉེད་གཙོ་བོར་འཛིན་པ། ཉིན་རྒྱུན་གསང་མིག་འཕུར་མཉེད་བྱས་ནས་ཉིན་གཅིག་ལ་ཐེངས་གཉིས་དང་ཐེངས་རེར་སྐར་ལྔ་ནས་བཅུའི་བར་མཉེད་ན་བཟང་། ད་དུང་ཆ་རྐྱེན་ཡོད་པ་དག་གིས་མེ་བཙའ་བསྟེན་ཆོག མེ་བཙའ་གསང་མིག་སྟེང་དུ་འཇོག་དགོས་པ་དང་ཐེངས་རེར་གཅིག་རེ་འཇོག་པ།
བདེ་སྲུང་གི་ཐད་ནས།
ལྡེ་གུའི་སྦྱོར་བ་བསྟེན་པ། ལྡེ་གུའི་སྦྱོར་བ་ནི་གཙོ་བོ་ལུས་སྟོབས་ཞན་པ་དང་ནད་འགོ་སླ་བ། དལ་གཤིས་ནད་དང་བདེ་ཐང་ལྟར་སྣང་གི་མི་ལ་སྤྱོད་པ་ཡིན། ཉམས་འཇོག་བྱ་དགོས་པ་ལ་སྨན་པའི་ལུས་ཟུང་ལ་བརྟག་ནས་དེར་བརྟེན་གྱི་གསོ་བཅོས་བྱ་དགོས།
འགུལ་སྐྱོད་ཀྱི་ཐད་ནས།
ཚད་ལས་བརྒལ་བའི་འགུལ་སྐྱོད་བྱེད་མི་རུང་ལ། སྔ་དྲོ་ནི་ལུས་ཕུང་གི་གདགས་རླུང་རིམ་བཞིན་འཕེལ་བའི་དུས་ཚོད་ཡིན་པས། ཕྱི་རོལ་དུ་སོང་ནས་འཆམ་འཆམ་བྱེད་པ་དང་། ཐའེ་ཅི་དྲག་རྩལ་སྦྱོང་བ། དལ་མོར་རྒྱུག་པ་བཅས་བྱེད་དགོས། དགུན་ཁ་ནི་སྒོ་ཕྱིར་འབུད་པར་མི་འཚམ་པས་འགུལ་སྐྱོད་སྔ་མི་རུང་ལ་རྔུལ་ཆུ་ཕྱིར་འབུད་ཚད་ཀྱང་ཇེ་ཉུང་དུ་གཏང་དགོས།
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་གཡང་རིས་འཚོ་ཡིན།