སྐྲ་མདོག་བསྒྱུར་སྐབས་སྐྱི་པགས་ཀྱི་བདེ་ཐང་ལ་ངེས་པར་དུ་གཟབ་གཟབ་བྱེད་དགོས།
2021.04.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

ཡག་ལ་དགའ་བའི་སེམས་པ་མི་ཚང་མར་ཡོད་ལ། སྐྲ་མདོག་བསྒྱུར་བ་ནི་མི་མང་པོ་ཞིག་གིས་སྣང་བརྙན་བསྒྱུར་བ་དང་དར་སྲོལ་ལ་རེ་སྙེག་བྱེད་པའི་གདམ་ག་ཞིག་ཏུ་གྱུར། ལྷག་པར་དུ་ལོ་གསར་དང་དུས་ཆེན་ལ་སྐྲ་མདོག་བསྒྱུར་མཁན་དེ་བས་མང་། སྐྲ་དཀར་པོ་འགེབས་པའི་ཆེད་གཅིག་པུ་མ་ཡིན་པར། ན་གཞོན་མང་པོ་ཞིག་གིས་སྐྲ་མདོག་རང་ཉིད་དགའ་བའི་ཁ་དོག་ཏུ་བསྒྱུར་ནས་དར་སྲོལ་ཆེ་ལ་མཛེས་སྡུག་ལྡན་པ་བཟོ་བཞིན་ཡོད། འོན་ཀྱང་སྐྲ་མདོག་བསྒྱུར་བའི་ཉེན་ཁ་དེར་ཁྱོད་ཀྱིས་བསམ་བློ་བཏང་མྱོང་ངམ།

སྐྲ་ཚོས་རྫས་ཀྱིས་སྐྲ་མདོག་ཇི་ལྟར་འགྱུར་དུ་འཇུག་པ།

སྐྲ་ཚོས་རྫས་ནི་ཁྱད་པར་ཅན་གྱི་མཛེས་འདོན་བྱུག་རྫས་ཀྱི་སྤྱི་མིང་ཡིན། 《མཛེས་འཆོས་བྱུག་རྫས་ཀྱི་བདེ་འཇགས་ལག་རྩལ་ཚད་ལྡན》གྱི་མཚན་ཉིད་གཞིར་བཟུང་ན། སྐྲ་ཚོས་རྫས་ནི་སྐྲ་མདོག་བསྒྱུར་བའི་ཆེད་དུ་མཛེས་འདོན་བྱུག་རྫས་ནང་དུ་བསྣན་པའི་དངོས་རྫས་ཡིན། གོ་དོན་རྒྱ་ཆེ་ས་ནས་བཤད་ན། སྐྲ་མདོག་བསྒྱུར་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཐོན་རྫས་ཚང་མར་སྐྲ་ཚོས་རྫས་ཟེར།

སྐྲ་ཚོས་རྫས་དེ་སྐྲ་མདོག་བསྒྱུར་བའི་དུས་ཚོད་ཀྱི་རིང་ཐུང་ལྟར་ན་གནས་སྐབས་རང་བཞིན་གྱི་སྐྲ་ཚོས་རྫས་དང་། ཡུན་གནས་ཕྱེད་ཀའི་རང་བཞིན་གྱི་སྐྲ་ཚོས་རྫས། ཡུན་གནས་རང་བཞིན་གྱི་སྐྲ་ཚོས་རྫས་བཅས་ཡོད་ལ། སྐྲ་ཚོས་རྒྱག་པའི་རྩ་བའི་རིགས་པ་ལྟར་ན་དབྱང་འགྱུར་རང་བཞིན་གྱི་སྐྲ་ཚོས་རྒྱག་བྱེད་དང་དབྱང་འགྱུར་རང་བཞིན་མིན་པའི་སྐྲ་ཚོས་རྒྱག་བྱེད་གཉིས་སུ་དབྱེ་ཆོག

དབྱང་འགྱུར་རང་བཞིན་གྱི་སྐྲ་ཚོས་རྫས་ཀྱི་རྩ་བའི་རིགས་པ་ནི་ཆ་རྡུལ་ཆུང་བའི་པུན་ཨན་རིགས་ཀྱི་མདོག་འགྱུར་གཟུགས་དང་ཟུང་སྦྱོར་རྫས་སོབ་སོབ་ཀྱི་སྐྲ་ལོའི་ནང་དུ་སིམ་འཛུལ་བྱེད་པ་དེ་ཡིན། དབྱང་འགྱུར་རྫས་ཀྱི་ནུས་པའི་འོག་དབྱང་འགྱུར་འདུས་སྦྱོར་ལ་འགྱུར་བ་བྱུང་ནས་སྐྲ་དང་ཁ་བྲལ་མི་སླ་བའི་ཆ་རྡུལ་ཆེན་པོའི་ཚོས་རྒྱུ་གྲུབ་པ་དང་། དེ་སྐྲ་ལོའི་ཚི་སྣའི་ནང་དུ་བཀག་སྡོམ་བྱས་ནས་སྐྲ་ཡུན་རིང་ལ་དེ་དང་བསྟུན་པའི་ཁ་དོག་མངོན་དུ་འཇུག

པགས་པའི་གཉན་ཚད་ལས་ཇི་ལྟར་གཡོལ་དགོས།

སྐྱི་པགས་ཚན་ཁག་གི་སྒོ་བསྟེན་སྨན་ཁང་གིས་རྒྱུན་དུ་སྐྲ་མདོག་བསྒྱུར་བ་ལས་བྱུང་བའི་པགས་པའི་གཉན་ཚད་ཀྱི་ནད་པར་སྨན་བཅོས་བྱེད་བཞིན་ཡོད་ལ། སྐྲ་ཚོས་རྫས་ཁྲོད་པུན་གཉིས་ཨན་ནི་ཅུང་རྒྱུན་མཐོང་གི་ཐུག་རེག་རང་བཞིན་གྱི་ཚོར་སྐྱེན་དངོས་པོ་ཡིན་པས། དེར་ཚོར་ཐལ་ནད་རྟགས་འབྱུང་སླ།

སྐྲ་མདོག་བསྒྱུར་བ་ལས་བྱུང་བའི་པགས་པའི་གཉན་ཚད་ནི་ཐུག་རེག་རང་བཞིན་གྱི་པགས་པའི་གཉན་ཚད་ལ་གཏོགས། ཐེངས་དང་པོར་སྐྲ་ཚོས་རྒྱག་མཁན་ལ་གཟའ་འཁོར2-3འགོར་རྗེས་ད་གཟོད་པགས་པའི་གཉན་ཚད་འབྱུང་ངེས། ཡང་བསྐྱར་སྐྲ་ཚོས་རྒྱག་མཁན་ལ་ཚོས་རྫས་དེ་སྐྱི་པགས་དང་འཕྲད་རྗེས་ཀྱི་ཉིན1-2ཀྱི་རྗེས་སུ་ནད་རྟགས་འདི་དག་མངོན་སྲིད། ནད་ཚབས་ཆུང་བ་ལ་ཚོས་རྫས་དང་སྐྱི་ལྤགས་གཉིས་ཀྱི་འཕྲད་གནས་དེ་དམར་སྐྲངས་ཆགས་པ་དང་ཐོར་འབྲུམ་འབྱུང་བ། ན་ཟུག་ཆེ་བ། ཟ་འཕྲུག་ལངས་པ་བཅས་ཀྱི་ནད་རྟགས་མངོན་པ་དང་། ནད་ཚབས་ཆེ་བ་ལ་ཆུ་བུར་རྒྱག་པ། པགས་པ་འདྲུལ་བ། རྣག་ཡོང་པ། ཐ་ན་ལུས་ཡོངས་ལ་ཁྱབ་ཀྱང་སྲིད།

གནས་ཚུལ་གང་དག་གིས་སྐྲ་མདོག་བསྒྱུར་བའི་པགས་པའི་གཉན་ཚད་འབྱུང་སླ་ཞེ་ན། དང་པོ། ཚད་ལྡན་མིན་པའི་སྐྲ་ཚོས་རྫས་བཀོལ་སྤྱོད་བྱས་པ། གཉིས་པ། སྐྲ་ཚོས་ཡང་ཡང་བརྗེ་བ། གསུམ་པ། ཚོར་ལོག་འབྱུང་སླ་བའི་མི་ཚོགས་བཅས་ཡིན།

དེས་ན། སྐྲ་མདོག་བསྒྱུར་བའི་པགས་པའི་གཉན་ཚད་འབྱུང་བར་སྔོན་འགོག་བྱེད་པའི་ཐབས་ཡོད་དམ་ཟེར་ན།

ཐོག་མར། ཚད་ལྡན་གྱི་བཟོ་གྲྭས་ཐོན་སྐྱེད་བྱས་པའི་སྐྲ་ཚོས་རྫས་ཉོ་དགོས། ཚད་ལྡན་གྱི་སྐྲ་ཚོས་རྫས་ཀྱི་ཐོན་རྫས་ལ་ངེས་པར་དུ་ཞིབ་བཤེར་ཆོག་མཆན་ཐོབ་དགོས། ཚད་ལྡན་གྱི་སྐྲ་ཚོས་རྫས་ཁྲོད་ཟུག་གཟེར་དངོས་པོའི་གར་ཚད་མི་མཐོ་བ་དང་། གནོད་ལྡན་དངོས་པོ་ཚད་ལས་མི་བརྒལ་བའི་རྐྱེན་གྱིས་ཟུག་གཟེར་རང་བཞིན་གྱི་པགས་པའི་གཉན་ཚད་འབྱུང་ཚད་ལྟོས་བཅས་ཀྱིས་ཆུང་།

གཉིས་པ། སྐྲ་མདོག་བསྒྱུར་བའི་སྔོན་ལ་ཚོད་ལྟ་བྱས་ཆོག རྣ་རྒྱབ་དང་ཡང་ན་ལག་པའི་ནང་དུ་སྐྲ་ཚོས་རྫས་ཅུང་ཙམ་བྱུགས་ནས་དུས་ཚོད་ཞེ་བརྒྱད་རིང་ལ་ལྟ་ཞིབ་བྱེད་པ། གལ་ཏེ་གནས་དེ་དམར་པོར་འགྱུར་བ་དང་ཟ་འཕྲུག་ལངས་བ། པགས་འབྲུམ་སོགས་ཀྱི་སྣང་ཚུལ་མི་འབྱུང་བ་དང་། ལུས་ཡོངས་ལ་མི་བདེ་བའི་ཚོར་སྣང་མེད་ན་བཀོལ་སྤྱོད་བྱས་ཆོག སྔོན་ཆད་བཀོལ་མྱོང་བའི་སྐྲ་ཚོས་རྫས་ལ་ཚོར་ལོག་བྱུང་ཚེ་བཀོལ་སྤྱོད་བྱེད་མི་རུང་།

གསུམ་པ། མགོ་ལྤགས་བདེ་ཐང་ཡོང་བར་ཁག་ཐེག་བྱ་དགོས། གལ་ཏེ་མགོ་ལྤགས་ལ་རྨ་ཁ་དང་སྐྱི་པགས་གཉན་ཚད་སོགས་ཀྱི་གནས་ཚུལ་ཡོད་ན། སྐྲ་མདོག་བསྒྱུར་མི་རུང་། སྐྲ་ཚོས་རྒྱག་སྐབས་གདོང་དང་རྣ་རྒྱབ་ཀྱི་པགས་པར་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱས་ཏེ་མགོ་ལྤགས་དང་ལུས་པོའི་སྐྱི་པགས་གཞན་དག་ལ་སྐྲ་ཚོས་རྒྱག་རྫས་མང་པོ་མི་ཁྱབ་པ་བྱེད་དགོས།

བཞི་བ། ཚོར་ལོག་འབྱུང་སླ་བའི་མི་རྣམས་ཀྱིས་སྐྲ་ཚོས་རྫས་འདེམས་པར་ངེས་པར་དུ་གཟབ་ནན་བྱེད་དགོས།

ལྔ་བ། གང་ཐུབ་ཀྱིས་སྔོན་ཆད་བཀོལ་མྱོང་བའི་བདེ་འཇགས་ཀྱི་ཐོན་རྫས་བཀོལ་དགོས་ལ། སྐྲ་ཚོས་རྒྱག་བྱེད་ཀྱི་ཚོང་རྟགས་ཡང་ཡང་བརྗེ་མི་རུང་།

སྐྲ་མདོག་བསྒྱུར་བའི་གཉན་ཚད་བྱུང་ན་ཅི་ཞིག་བྱེད་དགོས་སམ་ཟེར་ན།

གལ་ཏེ་མི་འཕྲོད་པའི་སྣང་ཚུལ་བྱུང་ན་ཡང་ཚང་མ་འཚབ་མི་དགོས་ཏེ། མྱུར་དུ་དྲོད་འཇམ་གྱི་ཆུ་དྭངས་མོས་སྐྲ་ལོའི་སྟེང་གི་སྐྲ་ཚོས་རྒྱག་བྱེད་གཙང་མར་བཀྲུ་བ་དང་། བཀྲུ་བའི་སྐབས་སུ་ཆེས་བཟང་ན་ལག་ཤུབས་གྱོན་ནས་ལག་པའི་སྐྱི་པགས་ལའང་སྲུང་སྐྱོབ་བྱེད་དགོས། སྐྲ་ཐུང་ངུར་བཞར་ན་སྐྲ་སྟེངགི་སྐྲ་ཚོས་རྫས་མེད་པར་བཟོ་ཐུབ་པ་མ་ཟད། སྐྲ་ཚོས་རྫས་མུ་མཐུད་དུ་བསྡུ་ལེན་བྱས་ནས་ཚོར་ལོག་འབྱུང་བར་སྔོན་འགོག་བྱེད་ཐུབ།

སྐྲ་ཚོས་བརྒྱབ་ན་འབྲས་སྐྲན་འབྱུང་སྲིད་དམ།

ཚོར་ལོག་བྱུང་བ་ལས་གཞན་ཚང་མས་ད་དུང་དུས་ཡུན་རིང་བོར་སྐྲ་ཚོས་རྫས་བཀོལ་ན་འབྲས་སྐྲན་འབྱུང་མིན་ལ་སེམས་ཁུར་བྱེད་བཞིན་ཡོད།

མིག་སྔར། སྐྲ་ཚོས་རྫས་ཀྱིས་སྐྲན་ནད་བྱུང་དུ་བཅུག་པའི་འབྲེལ་ཡོད་རང་བཞིན་ལ་བདེན་དཔང་གསལ་བོ་བྱས་མེད། ང་ཚོས་ཚད་ལྡན་གྱི་བཟོ་གྲྭས་ཐོན་སྐྱེད་བྱས་པའི་སྐྲ་ཚོས་རྫས་ཡང་དག་པའི་སྒོ་ནས་བཀོལ་སྤྱོད་བྱས་ན། འབྲས་སྐྲན་འབྱུང་བའི་ཉེན་ཁ་ཧ་ཅང་ཆུང་བས། སེམས་བདེ་མོས་བཀོལ་སྤྱོད་བྱས་ཆོག

ཚང་མས་སེམས་ཁུར་བྱེད་བཞིན་པའི་གནད་དོན་གཞན་ཞིག་ནི། སྐྲ་མདོག་བསྒྱུར་ན་སྐྲ་ཤུད་སྲིད་མིན་སྐོར་ཡིན།

སྐྲ་མདོག་བསྒྱུར་ན་སྤྱིར་བཏང་དུ་སྐྲ་ཤུད་མི་སྲིད། འོན་ཀྱང་སྐྲ་ཚོས་རྫས་ཁྲོད་ཀྱི་དངོས་རྫས་སྣ་ཚོགས་ཀྱིས་མགོ་ལྤགས་ལ་ཟུག་གཟེར་སློང་བ་དང་། མགོ་ལྤགས་དང་བ་སྤུའི་བུ་གའི་གཉན་ཚད་སློང་སྲིད། ཡུན་རིང་འགོར་རྗེས་བ་སྤུའི་བུ་ག་འཁུམ་པ་དང་། སྐྲ་སྦོམ་པ་ནས་ཕྲ་བར་གྱུར་ནས་སྐྲ་ཕུད་སྲིད་པ་རེད།

དེ་ལས་གཞན། སྐྲ་མདོག་བསྒྱུར་ན་སྐྲ་སྤུས་ལའང་ཤུགས་རྐྱེན་ཐེབས་སྲིད། ལྷག་པར་དུ་སྐྲ་མདོག་ཡང་ཡང་བསྒྱུར་མཁན་ཚོ་ལ་མཚོན་ན་སྐྲ་སྐམ་སླ་བ་དང་། སྐྲ་རྩུབ་པོར་ཆགས་པ། སྐྲ་ཆད་སླ་བ་སོགས་འབྱུང་། དེ་བས་སྐྲ་ཤུད་པ་དང་སྐྲ་སྤུས་ཞན་པའི་མི་རྣམས་ཀྱིས་སྐྲ་མདོག་མ་བསྒྱུར་ན་བཟང་།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་བསོད་ནམས་བཟང་མོ་ཡིན།