ཟླ་མཚན་སྐབས་ཀྱི་མགོ་ནད་བཅོས་ཐབས།
2021.04.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 66

ཟླ་རེའི་ཟླ་མཚན་སྔ་གཞུག་གི་ཉི་མ་ཁ་ཤས་སུ་བུད་མེད་རྣམས་ལ་རྒྱུ་ཞབས་ན་བ་དང་སྐེད་པ་ན་བ། མགོ་ན་བ་སོགས་ལུས་ཕུང་མི་བདེ་བའི་ནད་རྟགས་མང་བོ་འབྱུང་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། མགོ་བོ་ན་བའི་ནད་པའི་ཁྲོད་དུ་སྐྱེས་པ་ལས་བུད་མེད་མངོན་གསལ་གྱིས་མང་བར་མ་ཟད།  བུད་མེད་ནད་པས་ཕལ་ཆེར་བརྒྱ་ཆའི་བདུན་ཅུ་ ཟིན་ཡོད། དེའི་རྒྱུ་རྐྱེན་ནི་ཁོ་མོ་ཚོའི་སྐྱེ་ལུགས་ལ་འབྲེལ་བ་ཡོད་པ་རེད། བུད་མེད་ཕལ་ཆེར་གྱི་མགོ་བོ་ན་བ་དེ་ཟླ་མཚན་དང་འབྲེལ་བ་དམ་པོ་ཡོད།

དེས་ན་ཟླ་མཚན་གྱི་དུས་འཁོར་དང་མགོ་ན་བ་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་དམ་ཞེ་ན།        ཟླ་མཚན་འབབ་པའི་སྔ་གཞུག་ཏུ་བུད་མེད་མང་པོར་དུས་རྒྱུན་མགོ་ན་བཞིན་ཡོད། ཟླ་མཚན་གྱི་སྔ་རྗེས་དང་ཡང་ན་ཟླ་མཚན་འབབ་པའི་སྐབས་སུ་བུད་མེད་ཚོར་མགོ་དང་རྒྱབ་ན་བ་སོགས་ལུས་པོ་མི་བདེ་བའི་རྟགས་འབྱུང་བ་དེ་ལ་ནད་ཐོག་ནས་ཟླ་མཚན་སྐབས་ཀྱི་ཕྱོགས་བསྡུས་ནད་རྟགས་ཟེར། བུད་མེད་རྣམས་ལ་ཟླ་མཚན་གྱི་སྔ་རྗེས་སུ་མགོ་ན་བ་དེ་ཕལ་ཆེར་ཁོ་མོ་ཚོའི་དྭངས་ཁྲག་ཁྲོད་ཀྱི་མོ་གཤིས་སྐུལ་རྩིའི་ཆུ་ཚད་ལ་འགྱུར་ལྡོག་བྱུང་བ་དང་འབྲེལ་བ་ཡོད་པ་རེད། ཟླ་མཚན་སྔ་རྗེས་སུ་བུད་མེད་རྣམས་ཀྱི་དྭངས་ཁྲག་ཁྲོད་མོ་གཤིས་ཕྲུན་གཉིས་པའི་གར་ཚད་ཇེ་ཉུང་དུ་གྱུར་ཏེ་མགོའི་ཕྱི་ནང་དང་བུ་སྣོད་ཀྱི་ཁྲག་རྩའི་རྫས་རྣམས་གྱི་ཚོར་བ་ཇེ་རྣོར་གྱུར་བས་མཇུག་མཐར་ནད་པ་དེའི་རིགས་ལ་མགོ་ན་བ་ཡིན།  ཟླ་མཚན་གྱི་རྗེས་སུ། དྭངས་ཁྲག་ཁྲོད་ཀྱི་མོ་ཕྲུན་གཉིས་པའི་གར་ཚད་རྒྱུན་ལྡན་དུ་གྱུར་རྗེས་ཡལ་འགྲོ།  ཟླ་མཚན་འབབ་སྐབས་མགོ་ན་བ་དེར་རྒྱུན་པར་རིགས་གསུམ་ཙམ་དུ་དབྱེ་ཆོག་སྟེ། གཅིག་ནི་དཔེར་མཚོན་རང་བཞིན་གྱི་མགོ་ན་བ་དེ་ཡིན། མགོ་ན་བའི་ཡར་སྔོན་དུ་མིག་གིས་མི་མཐོང་བ་དང་མིག་སྐྲངས་པ། སེམས་ཁམས་མི་བདེ་བ་སོགས་ཀྱི་ནད་རྟགས་ཡོད། ཟླ་མཚན་སྐབས་སུ་མགོ་ན་བའི་ནད་པ་ཕལ་ཆེར་གྱིས་འོད་ལ་བལྟ་མི་ཐུབ་ཅིང་སྐར་མ་ཁ་ཤས་འགོར་རྗེས་རིམ་གྱིས་མགོ་བོའི་གཞོགས་ཕྱེད་ན་སྲིད། སྤྱིར་བཏང་དུ་གཙོ་བོ་ཐོད་པ་དང་མིག་གི་མཐའ་འཁོར།  རྣ་ལྷན་སོགས་ན་བ་ཡིན། གནས་གཅིག་གམ་མགོ་བོའི་གཞོགས་ཕྱེད་ཡོངས་རྫོགས་ན་སྲིད་ལ་ན་ཟུག་ཧ་ཅང་ལྕི་བའི་སྐབས་སུ་ཁྲག་རྩ་འཕར་བ་དང་མིག་རྡོ་ལྷུང་ལ་ཁད་ཀྱི་སྣང་བ་ཡང་སྟེར། སྤྱིར་བཏང་དུ་དུས་ཚོད་གཅིག་ནས་གཉིས་ཙམ་ལ་ན་བ་དང་། ཡང་ན་དུས་ཚོད་ཁ་ཤས་ནས་ཉིན་ཁ་ཤས་ལའང་ན་སྲིད།

གཉིས་ནི་སྤྱིར་བཏང་རང་བཞིན་གྱི་མགོ་ན་བ་དེ་ཡིན། དེ་ནི་ཟླ་མཚན་སྐབས་ཀྱི་ཅུང་རྒྱུན་མཐོང་དང་ནད་ཡང་ཤོས་ཡིན། ན་ཚད་དལ་གྱིས་ཇེ་ལྕིར་འགྲོ་བ་དང་མགོའི་ཕྱོགས་གཅིག་གམ་གཉིས་ནས་ན་བའམ་ཡང་ན་མགོ་ཧྲིལ་བོ་ན་སྲིད།

གསུམ་ནི་ཚོམ་འདུས་རང་བཞིན་གྱི་མགོ་ནད་ཡིན། དེའི་ཁྱད་ཆོས་ནི་རྒྱུན་པར་གློ་བུར་དུ་འབྱུང་ཞིང་ཉིན་རེར་ཐེངས་མང་ལ་འཕར་བ་ཡིན། སྤྱིར་བཏང་དུ་སྐར་མ་༣༠ནས་༡༢༠ཙམ་ལ་ན་ཞིང་། མིག་སྐྲངས་པ་དང་མིག་ཆུ་བཞུར་བ། མིག་སྐྱི་དམར་པོར་འགྱུར་བ། སྣ་འཚུབ་པ། རྔུལ་ཆུ་བཞུར་བ་སོགས་ཀྱི་རྟགས་མངོན་ལ། ལ་ལར་མགོ་ལྤགས་ཀྱི་ཁྲག་རྩ་ཇེ་སྦོམ་དང་འཁྱོག་པ་སོགས་ཀྱི་ནད་རྟགས་ཀྱང་ཡོད་པས་ཧུར་ཐག་གིས་སྔོན་འགོག་དང་སེམས་ཁམས་ལྷོད་པོར་གནས་རྒྱུ་ནི་ཤིན་ཏུ་གལ་ཆེ།

བུད་མེད་ཚོས་ཟླ་མཚན་འབབ་སྐབས་མགོ་ན་བ་དེ་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་མ་བྱས་ཚེ། བསྡོངས་ཟླའི་ནད་རིགས་གཞན་པ་བྱུང་ནས།  གསང་རྒྱུད་ཟགས་གཤེར་འཁྲུགས་ཏེ་ལུས་ཕུང་གི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་སྲིད། དེར་བརྟེན། ཐབས་བཀོད་ངེས་ཅན་ལ་བསྟེན་ནས་ན་ཚད་ཇེ་ཡངས་སུ་གཏོང་བ་དང་ཐབས་གང་ཡོད་ཀྱིས་དེ་མི་འབྱུང་བར་བྱ་དགོས།

ཀལ་དང་འཚོ་རྒྱུ་བེ་ཧྲིན་སུའུD། མཱེ་སོགས་ལ་ཟླ་མཚན་སྐབས་ཀྱི་མགོ་ནད་སྔོན་འགོག་བྱེད་པའི་ཕན་ནུས་ལྡན་པར་མ་ཟད་། སེར་གཟུགས་ཐོན་གྱིས་ཟླ་མཚན་སྐབས་ཀྱི་མགོ་ནད་སྨན་བཅོས་བྱེད་ཐུབ། བྱེ་བྲག་གི་བསྟེན་ཐབས་ནི་ཆེད་ལས་སྨན་པའི་མཛུབ་སྟོན་ལ་བསྟེན་དགོས། ལུས་རྩལ་སྦྱོང་བ་ནི་བྱ་བ་དང་འཚོ་བའི་གནོན་ཤུགས་སེལ་ཐབས་ཀྱི་བཀོད་པ་ཉག་ཅིག་ཡིན་པས་བུད་མེད་རྣམས་ཀྱིས་ལུས་སྦྱོང་བྱས་ནས་སེམས་ཁམས་ཇེ་སྐྱིད་དུ་གཏོང་བ་དང་ཟླ་མཚན་སྐབས་ཀྱི་མགོ་ནད་ཇེ་ཡངས་དང་སྔོན་འགོག་བྱེད་དགོས། གཞན་ཡང་ཟླ་མཚན་སྐབས་མགོ་ན་བ་ཅུང་ཚབས་ཆེ་ན་ལུས་སྦྱོང་བྱེད་མི་རུང་། ཉི་འོད་ཀྱིས་འཚོ་རྒྱུ་བེ་ཧྲིན་སུའུDའདྲེས་སྦྱོར་དང་བསྡུ་ལེན་བྱེད་ཐུབ་པས་བུད་མེད་རྣམས་ཀྱིས་དུས་རྒྱུན་ཕྱི་ནས་ཉི་མར་ལྡེ་བ་དང་གླུ་དབྱངས་ལ་ཉན་པ། བརྙན་འཕྲིན་ལ་བལྟ་བ་སོགས་སྤྲོ་གཡེང་བྱས་ཚེ་ཟླ་མཚན་སྐབས་མགོ་ནད་གྱིས་བཟོས་པའི་སེམས་ཀྱི་གནོན་ཤུགས་སེལ་ཐུབ།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་བདེ་སྒྲོན་ཡིན།