ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་དང་། ཅན་ཡུན་མགྲོན་ཁང་། མྰའོ་ཅྰ་ཅེ་ཕྱོགས་བསྡུས་ཞིང་ལས་ཐོན་རྫས་ཁྲོམ་ར་དང་། གྲོང་ཁྱེར་ཤར་ཁུལ་གྱི་བརྒྱད་གཅིག་ལམ་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་སུ་སོང་ནས་ལྔ་གཅིག་དུས་ཆེན་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བར་རྟོག་ཞིབ་བྱས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་སྒྲིག་ཆས་སྒྲིག་སྦྱོར་དང་། བདེ་ཐང་ཨང་ཀའི་བཀོལ་སྤྱོད། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། ཡུལ་དངོས་སུ་མཛུབ་སྟོན་བསམ་ཚུལ་བཏོན།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། ལྔ་གཅིག་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཡུལ་སྐོར་གྱི་དགོས་མཁོ་ཤིན་ཏུ་ཆེ་བས། ས་ཆ་སོ་སོའི་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཕྱོགས་སུ་བཏོན་པའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བདེ་འཇགས་དང་པོ་དང་། ཚེ་སྲོག་གཙུག་ཏུ་བཀུར་བའི་འདུ་ཤེས་བརྟན་པོར་འཛུགས་དགོས། དུས་ཆེན་སྐབས་ཀྱི་འགོག་ཟོན་ལས་དོན་ཁག་ལེགས་པོར་སྒྲུབ་པ་དང་། ནུས་ཤུགས་ཡོད་དགུ་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ལྔ་གཅིག་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ལས་དོན་སྣ་ཚོགས་སྔར་ལས་ཇེ་ལེགས་སུ་བཏང་ནས་ལྷོད་གཡེང་གཏན་ནས་མི་བྱེད་པ་དང་། སྔོན་འགོག་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་དགོས། ཁ་ཐུམ་རྒྱག་པ་དང་། ལུས་དྲོད་ཚད་འཇལ། བདེ་ཐང་ཨང་ཀི་སྟོན་པ། ལོགས་བཀར་ལྟེ་གནས་འཛུགས་པ་སོགས་ཀྱི་རིམས་འགོག་བྱེད་ཐབས་ནན་ཏན་སྒོས་དངོས་འབེབས་བྱེད་དགོས། མུ་མཐུད་དུ་བདེ་འཇགས་དང་གོ་རིམ་ཡོད་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་འགོག་འགྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་རིམས་འགོག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྔོན་འགོག་ཤེས་བྱ་རྒྱུས་ལོན་དང་རིམས་འགོག་བྱ་བར་གཞོགས་འདེགས་ཡོད་པ་བྱེད་དགོས། དུས་ཆེན་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་དམ་སྲུང་ཞིབ་ཕྲ་བཅས་བྱས་ནས། སྔོན་འགོག་བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་དགའ་སྤྲོའི་ངང་དུས་ཆེན་ལ་རོལ་བར་ཁག་ཐེག་བྱེད་དགོས་ཟེར།།
རྩོམ་སྒྲིག་པ། འབྲུག་མོ།