ང་ཚོ་མི་སུ་ཞིག་ཡིན་རུང་གསུས་ཆུང་གི་གོང་དུ་དབྱིབས་སྒོར་སྒོར་དུ་ཆགས་པའི་ལྟེ་བ་ཞིག་ཡོད་ལ། སྤྱིར་བཏང་དུ་དགོས་མཁོ་ཆེན་པོ་མེད་པ་རེད། དེས་ན་ཁྱོད་ཚོས་མིའི་ལྟེ་བ་ཇི་ལྟར་བྱུང་བར་བསམ་བློ་བཏང་ཨེ་མྱོང་།
ང་ཚོ་ཨ་མའི་མངལ་དུ་ཡོད་པའི་སྐབས་སུ་ལྟེ་ཐག་ལ་བརྟེན་ནས་ཨ་མའི་ལུས་སྟེང་གི་འཚོ་བཅུད་འབྱིན་རྔུབ་བྱེད་ཀྱིན་ཡོད། ལྟེ་ཐག་ནི་རྒྱུ་མ་ལྟ་བུའི་སྦུ་གུ་ཞིག་ཡིན་ལ་ཨ་མ་དང་མངལ་ནང་གི་བྱིས་པའི་བར་གྱི་སྦྲེལ་ལམ་གཅིག་པུ་ཡིན། ལྟེ་ཐག་གི་ནང་དུ་ལྟེ་བའི་འཕར་རྩ་གཉིས་དང་སྡོད་རྩ་གཅིག་ཡོད་པ་རེད། ལྟེ་བའི་འཕར་རྩས་ཨ་མའི་ཁྲག་རྒྱུན་ནང་གི་འཚོ་བཅུད་དེ་མངལ་ནང་གི་བྱིས་པར་སྟེར་བ་དང་། གཞན་ད་དུང་སྦྲུམ་བུས་རྙིང་ཚབ་གསར་བརྗེ་བྱས་ནས་ཐོན་པའི་བེད་མེད་དངོས་པོ་ལྟེ་བའི་སྡོད་རྩ་བརྒྱུད་ནས་ཨ་མར་སྟེར་བ་དང་། དེ་ནས་ཨ་མའི་ལུས་ཕུང་བརྒྱུད་དེ་ཕྱི་རོལ་ཏུ་ཕུད་པ་ཡིན།དེ་ལ་བརྟེན་ནས་མངལ་ནང་གི་བྱིས་པ་འཚར་ལོངས་འབྱུང་གིན་ཡོད་པ་རེད།
མངལ་ནང་གི་བྱིས་པ་ཨ་མའི་ལུས་སྟེང་དུ་རྒྱུན་ཆད་མེད་པར་འཚར་ལོངས་འབྱུང་གིན་ཡོད་པས། ཟླ་བཅུ་ལ་སླེབས་ཚེ་མངལ་ནང་གི་བྱིས་པ་གཟུགས་ཆ་ཚང་བར་ཆགས་ནས་བཙའ་བའི་དུས་ལ་སླེབས་པ་རེད། བཙས་མ་ཐག་པའི་བྱིས་པ་དང་ཨ་མ་གཉིས་ལྟེ་ཐག་གིས་སྦྲེལ་ཡོད། བྱིས་པ་བཙས་མ་ཐག་རང་གིས་དབུགས་འབྱིན་རྔུབ་བྱེད་ཐུབ་པ་དང་། སྙིང་གི་འཕར་ལྡིང་ལ་བརྟེན་ནས་རང་གིས་རང་ལ་ཁྲག་རྒྱུན་འདོན་སྤྲོད་བྱེད་ཐུབ་པས། ལྟེ་ཐག་གི་ནུས་པ་ཉམས་འགྲོ་བ་རེད། དེའི་སྟབས་ཀྱིས་བྱིས་པ་བཙས་མ་ཐག་ཏུ་སྨན་པས་ལྟེ་ཐག་གཅོད་པའམ་ཡང་ན་མདུད་པ་རྒྱག་གིན་ཡོད་པ་དང་། དེ་ནས་བཅད་ཟིན་པའི་ལྟེ་ཐག་རིམ་བཞིན་ཇེ་ཆུང་དུ་སོང་ནས་ཁ་ཟུམ་འགྲོ་བ་རེད། །
རྩོམ་སྒྲིག་པ། འབྲུག་མོ།