གཅིན་སྙི་ཟ་ཁུ་དང་བསྡོངས་བའི་ནད་རིགས་གང་དག་ཡོད།
2021.05.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

གཅིན་སྙི་ཟ་ཁུའི་ནད་ནི་ནད་རིགས་མང་པོས་བསྐྱེད་པའི་དལ་གཤིས་ཅན་གྱི་མངར་ཆ་འདུས་ཚད་མཐོ་བའི་ནད་རྟགས་ཤིག་སྟེ། ཚེ་གང་བོར་དྲག་སྐྱེད་མེད་པའི་རྙིང་ཚབ་གསར་བརྗེའི་རང་བཞིན་གྱི་ནད་རིགས་ཤིག་རེད། གཅིན་སྙི་ཟ་ཁུས་ནད་པར་གནོད་པ་མང་པོ་ཐེབས་ཀྱིན་ཡོད། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ན་བསྡོངས་ཟླའི་ནད་མང་པོ་བྱུང་ནས་ནད་པའི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་མང་པོ་ཐེབས་སྲིད། གཅིན་སྙི་ཟ་ཁུའི་བསྡོངས་ཟླའི་ནད་ལ་དབྱེ་ན་མྱུར་གཤིས་བསྡོངས་ནད་དང་དལ་གཤིས་བསྡོངས་ནད་སོགས་ཡོད།

མྱུར་གཤིས་བསྡོངས་ཟླའི་ནད།

གཅིན་སྙི་ཟ་ཁུའི་ཐུང་ནད་སྐྱུར(酮症酸)དུག་ཕོག་པ་དང། སིམ་ཤུགས་མཐོ་བའི་རང་བཞིན་གྱི་དྲན་པ་ཉམས་པའི་བསྡོངས་ཟླའི་ནད་བྱུང་ཚེ། ནད་པ་ལྗིད་མོའི་རིགས་ལ་ཚེ་སྲོག་ཤོར་བའི་ཉེན་ཁ་ཆེ། རེད་ནད་མང་པོ་འབྱུང་བ་དཔེར་ན། སྐྱི་པགས་རྣག་ཐོན་རང་བཞིན་གྱི་རེད་ནད་དང་། འབུ་ཕྲའི་རེད་ནད་དཔེར་ན། བུད་མེད་རྣམས་ལ་སྐྱེ་ལམ་གཉན་ཚད་དང་གཅིན་ལམ་རེད་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།

དལ་གཤིས་བསྡོངས་ཟླའི་ནད།

གཅིན་སྙི་ཟ་ཁུ་ལས་མཆེད་པའི་སྙིང་དང་ཁྲག་རྩའི་ནད། སྙིང་དང་ཁྲག་རྩའི་ཐོག་གི་ཁྲག་རྩ་ཆུང་ངུའི་རིགས་དང་། སེམས་ནད། སྙིང་རྩའི་ནད་སོགས་ནི་གཅིན་སྙི་ཟ་ཁུའི་ནད་པའི་ཚེ་སྲོག་ཤོར་བའི་རྒྱུ་རྐྱེན་གཙོ་བོར་འགྱུར་བཞིན་ཡོད།

གཅིན་སྙི་ཟ་ཁུ་ལས་མཆེད་པའི་ཀླད་པའི་ཁྲག་རྩའི་ནད། གཙོ་བོ་ཀླད་པའི་འཕར་རྩ་སྲ་འགྱུར་དང་། ཀླད་པར་ཁྲག་མི་འདང་བ། ཀླད་ཁྲག་ཐོན་པ། ཀླད་ཁུམ་སོགས་ཀྱི་ནད་རྟགས་ཐོན་པ་ནི་གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ནད་པ་འཆི་ཉེན་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།

གཅིན་སྙི་ཟ་ཁུ་ལས་མཆེད་པའི་མཁལ་མའི་ནད། གཅིན་སྙི་ཟ་ཁུ་ལས་མཆེད་པའི་མཁལ་མའི་ནད་ནི་གཅིན་སྙི་ཟ་ཁུའི་ནད་ཀྱི་བསྡོངས་ཟླའི་ནད་ཅིག་ཡིན། གཅིན་སྙི་ཟ་ཁུའི་ནད་བྱུང་ནས་མཁལ་མར་གནོད་པ་སྟེ་རྙིང་ཚབ་གསར་བརྗེ་བྱེད་མ་ཐུབ་པར་མཁལ་མ་ལ་གནོད་པ་ཐེབས་ན། མཁལ་མའི་རྒྱུན་ལྡན་ནད་ལས་ཚབས་ཆེན་ཡིན་པས་གཟབ་དགོས།

གཅིན་སྙི་ཟ་ཁུ་ལས་མཆེད་པའི་མིག་གི་བསྡོངས་ཟླའི་ནད། གཅིན་སྙི་ཟ་ཁུ་ལས་མཆེད་པའི་མིག་གི་བསྡོངས་ནད་ལ་གཅིན་སྙི་ཟ་ཁུ་རང་བཞིན་གྱི་མིག་མཐོང་དྲ་སྐྱིའི་ནད་དང་། གཅིན་སྙི་ཟ་ཁུ་དང་འབྲེལ་བའི་རྒུམ་འབྲུམ་སྐྱི་མོའི་གཉན་ཚད། གཅིན་སྙི་ཟ་ཁུ་རང་བཞིན་གྱི་མིག་གི་ལིང་ཏོག་ནད་སོགས་ཡོད།

གཅིན་སྙི་ཟ་ཁུ་ལས་མཆེད་པའི་རྐང་པའི་ནད། གཅིན་སྙི་ཟ་ཁུ་ལས་མཆེད་པའི་རྐང་པའི་ནད་ཀྱིས་དབང་རྩར་ནད་ཕོག་པ་དང་། རྐང་པའི་འཕར་རྩ་སྲ་མོར་གྱུར་ནས་ཁྲག་གིས་མི་འདང་བ། འབུ་ཕྲའི་འགོ་ནད་སོགས་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་རྐང་པར་ན་ཟུག་སྐྱེ་བ་དང་། སྐྱི་པགས་རལ་བ་སོགས་ཀྱི་ནད་འབྱུང་གིན་ཡོད་ལ། ནད་ཀྱི་རྨ་ཁ་སོས་དཀའ་བས་དུས་ལྟར་ནད་བཅོས་མ་བྱས་ན་རྐང་པ་གཅོད་དགོས་པའི་ཉེན་ཁ་ཡང་ཡོད།

གཅིན་སྙི་ཟ་ཁུ་ལས་མཆེད་པའི་དབང་རྩའི་ནད། རྒྱུན་མཐོང་གཅིན་སྙི་ཟ་ཁུའི་དབང་རྩའི་ནད་ནི་དལ་གཤིས་ཅན་གྱི་འདར་ཡོམ་ནད་ཡིན་ལ་ནད་དེ་འབྱུང་ཚད་ཧ་ཅང་མཐོ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། གཅིན་སྙི་ཟ་ཁུའི་ནད་ལ་བསྡོངས་ཟླའི་ནད་རིགས་བརྒྱ་ཙམ་ཡོད་པས་དེ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་བསྡོངས་ཟླའི་ནད་ཆེས་མང་བའི་ནད་རིགས་ཤིག་རེད། དེའི་ཕྱིར་སྔ་མོ་ནས་གཅིན་སྙི་ཟ་ཁུའི་བསྡོངས་ཟླའི་ནད་སྔོན་འགོག་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།