པྲོག་གསར་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་ཐད་ཀྱི་ཤེས་བྱ།
2021.05.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

གཅིག  པྲོག་གསར་ནད་དུག་གི་འགོག་ཁབ་ངེས་པར་དུ་རྒྱག་དགོས་སམ་ཞེ་ན།

དེ་ནི་ངེས་པར་དུ་རྒྱག་དགོས་ཏེ། ཧ་ལམ་རང་རྒྱལ་གྱི་མི་ཚང་མར་པྲོག་གསར་ནད་དུག་ལས་ཐར་བའི་རིམས་འགོག་ནུས་པ་མེད་པས་ནད་དུག་དེ་འགོ་སླ་བ་རེད། ནད་དུག་འགོས་རྗེས། མི་ལ་ལར་ད་དུང་ནད་བབ་ཚབས་ཆེན་དུ་གྱུར་ཏེ་འཆི་བའི་ཉེན་ཁའང་འབྱུང་སྲིད། འགོག་ཁབ་བརྒྱབ་རྗེས། ཕྱོགས་གཅིག་ནས་མི་མང་ཆེ་བར་རིམས་འགོག་ནུས་པ་ཐོན་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་འགོག་ཁབ་བརྒྱབ་རྗེས། ནད་དུག་ཕན་ཚུན་མཆེད་པར་སྔོན་འགོག་གང་ལེགས་བྱེད་ཐུབ།

གཉིས། པྲོག་གསར་ནད་དུག་གི་འགོག་ཁབ་ཇི་ལྟར་རྒྱག་པ་དང་གང་ནས་རྒྱག་དགོས་པ་ཡིན་ཞེ་ན།

པྲོག་གསར་ནད་དུག་གི་འགོག་ཁབ་དེ་ས་གནས་རང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་ཐོབ་པའི་འགོག་ཁབ་རྒྱག་སའི་གནས་སུ་སོང་ནས་རྒྱག་དགོས། སྤྱིར་བཏང་གི་གནས་ཚུལ་འོག འགོག་ཁབ་རྒྱག་ས་དེ་ས་གནས་རང་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སམ་ཡུལ་ཚོ་དང་གྲོང་བརྡལ་འཕྲོད་བསྟེན་ཁང་ངམ་ཕྱོགས་བསྡུས་སྨན་ཁང་དུ་བཙུགས་ཡོད་པ་རེད།

གསུམ། གལ་ཏེ་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་འདོད་ཚེ། ད་ལྟ་ཚང་མས་མིང་ཐོ་བཀོད་ནས་འགོག་ཁབ་རྒྱག་ཆོག་གམ་ཟེར་ན། རང་ཞིང་གི་མིག་སྔའི་འགོག་ཁབ་རྒྱག་པའི་ཐབས་ཇུས་ལ་གོམ་རིམ་གཉིས་ཡོད་དེ། གོམ་རིམ་དང་པོ་ནི་ཐོག་མར་དམིགས་བསལ་མི་སྣར་འགོག་ཁབ་རྒྱག་དགོས། དམིགས་བསལ་མི་སྣའི་སྡེ་ཁག་གིས་གནས་ཚུལ་རྒྱུས་ལོན་དང་ཁ་ཆད་བྱེད་དགོས་པར་མ་ཟད། འགོག་ཁབ་རྒྱག་པར་རམ་འདེགས་བྱེད་དགོས། གོམ་རིམ་གཉིས་པ་ནི་འགོག་ཁབ་གྱི་ཐོན་ཚད་རིམ་གྱིས་ཇེ་མང་དུ་གྱུར་བ་དང་བསྟུན་ནས་འགོག་ཁབ་དེ་ལས་མང་པོ་བཀོལ་སྤྱོད་བྱེད་ཐུབ་པས། གོ་རིམ་ཡོད་པའི་སྒོ་ནས་འགོག་ཁབ་རྒྱག་དགོས། གོམ་རིམ་རྗེས་མར་རྒྱག་དགོས་པའི་མི་རྣམས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ནས་དུས་ལྟར་རྒྱག་དགོས། མང་ཚོགས་རྣམས་ལ་མཚོན་ན། གནས་སྐབས་སུ་ད་དུང་འགོག་ཁབ་རྒྱག་མ་ཐུབ་ཀྱང་། སྔར་བཞིན་ཕན་ནུས་ལྡན་པའི་འགོག་སྲུང་གི་བྱེད་ཐབས་མང་པོ་སྤྱོད་དགོས་ཏེ། དཔེར་ན། ཁ་ཐུམ་རྒྱག་པ་དང་། ལག་པ་བཀྲུ་བ། ཕན་ཚུན་བར་གྱི་འགྲོ་འོང་ཇེ་ཉུང་དུ་གཏོང་བ། ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་རྒྱུན་པར་ཁ་དབུགས་བརྗེ་གསོར་བྱེད་དགོས།

བཞི། པྲོག་གསར་ནད་དུག་གི་འགོག་ཁབ་ནི་བདེ་འཇགས་ཡིན་ནམ།

རྒྱལ་ཁབ་ཀྱིས་འགོག་ཁབ་ཀྱི་བརྒྱུད་རིམ་ཧྲིལ་བོ་གློག་རྡུལ་གྱིས་ཁུངས་འདེད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཡོད། འགོག་ཁབ་ཚོང་རར་བཀྲམས་རྗེས། དེའི་ཐོན་སྐྱེད་དང་སྐྱེལ་འདྲེན། གསོག་འདྲེན། བཀོལ་སྤྱོད་སོགས་གོ་རིམ་རེ་རེ་ཚང་མ་ཡང་དག་དང་ཚད་ལྡན་གྱི་སྒོ་ནས་ཐོ་འགོད་བྱས་ཡོད། གོ་རིམ་ཧྲིལ་བོར་རྗེས་འདེད་ཐོ་འགོད་བྱས་ཡོད་དེ། དཔེར་ན་རིགས་སྣ་དང་འགོག་ཁབ་ཐོན་སྐྱེད་བྱེད་པའི་ཁེ་ལས། སྨན་གྱི་བཟོ་དབྱིབས། ཐོན་རྫས་ཀྱི་ཨང་གྲངས། ནུས་ཡུན་སོགས་ཡོད་ཚད་ཐོ་འགོད་གསལ་བོ་བྱས་ནས། འགོག་ཁབ་འཁོར་རྒྱུག་དང་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཧྲིལ་བོ་ཁུངས་འདེད་བྱས་ཡོད་པས། རིམ་འགོག་གོ་རིམ་དང་འགོག་ཁབ་རྒྱག་ཐབས་ཚང་མ་སྤྱིའི་ཆ་ནས་བཤད་ན་བདེ་འཇགས་དང་ཕན་ནུས་ལྡན་པ་ཞིག་ཡིན།

ལྔ། པྲོག་གསར་འགོག་ཁབ་རྒྱག་ཡུལ་དང་རིམས་འགོག་གོ་རིམ་མམ་རྒྱག་ཐབས་དེ་ཇི་ལྟ་བུ་ཞིག་ཡིན་ནམ།

རྒྱལ་ཁབ་ཀྱི་བླང་བྱ་ལྟར། ཐོག་མའི་དུས་རིམ་གྱི་འགོག་ཁབ་རྒྱག་ཡུལ་ནི་ལོ་བཅོ་བརྒྱད་ནས་ང་དགུའི་བར་གྱི་དམིགས་བསལ་མི་ཚོགས་ཡིན་ཞིང་། འགོ་ནད་ལས་ཐར་བར་འགོག་ཁབ་རིམ་པ་གཉིས་རྒྱག་དགོས་པ་ཡིན། འགོག་ཁབ་ཐེངས་དང་པོ་བརྒྱབ་རྗེས་ཀྱི་གཟའ་འཁོར་གཉིས་ནས་བཞི་ཙམ་འགོར་རྗེས་ད་གཟོད་འགོག་ཁབ་རིམ་པ་གཉིས་པ་བརྒྱབ་ཆོག འགོག་ཁབ་དེ་དཔུང་བའི་སྟེང་རྒྱག་པ་དང་རྒྱག་ཐེངས་རེར་སྨན་སྦྱོར་གྱི་ཚད་ཧའོ་ཧྲིན་ཐིག་དང་གྲངས་ཆུང་ལྔ་ཙམ་ཡིན།

དྲུག པྲོག་གསར་འགོག་ཁབ་རྒྱག་པར་དོ་སྣང་བྱེད་དགོས་པའི་གནད་དོན་སྐོར།

1.འགོག་ཁབ་མ་བརྒྱབ་སྔོན་དུ་ངལ་གསོ་ལེགས་པོ་བྱེད་དགོས་པ་དང་། སེམས་ཁམས་ལྷོད་པོར་གནས་པ། ལྟོ་སྟོང་དུ་མི་རྒྱག་པ་བཅས་བྱེད་དགོས།

2.རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་རམ་དེ་ལས་གཞན་པའི་ཕན་ལྡན་གྱི་དཔང་ཡིག་བཟུང་ནས་ཁ་ཆད་བྱས་པའི་དུས་ཚོད་ལྟར་འགོག་ཁབ་རྒྱག་སར་སོང་སྟེ་དངོས་མིང་གིས་མིང་ཐོ་བཀོད་དེ་འགོག་ཁབ་རྒྱག་དགོས།

3.པྲོག་གསར་འགོག་ཁབ་མ་བརྒྱབ་སྔོན་དུ་འགོག་ཁབ་རྒྱག་སའི་སྨན་པར་རང་འགུལ་སྒོས་རང་ཉིད་ཀྱི་འབྱུང་གཞིའི་བདེ་ཐང་སྐོར་གྱི་གནས་ཚུལ་གསལ་བོར་བཤད་དགོས།

4.འགོག་ཁབ་རྒྱག་སའི་སྨན་པའི་བདེ་ཐང་སྐོར་གྱི་དྲི་བར་ལན་དྲང་བོར་འདེབས་དགོས་པར་མ་ཟད། གནས་ཚུལ་རྒྱུས་ལོན་བྱས་པའི་མོས་མཐུན་ཡི་གེའི་སྟེང་དུ་མིང་རྟགས་འགོད་དགོས།

5.འགོག་ཁབ་བརྒྱབ་རྗེས་གནས་དེ་ནས་དུས་ཚོད་སྐར་མ་སུམ་ཅུ་ཙམ་ལ་བསྡད་དེ་རྒྱུན་ལྡན་མིན་པའི་སྣང་ཚུལ་འདྲ་མེད་ན་ད་གཟོད་སོང་ཆོག

6.ཁྱིམ་དུ་ལོག་རྗེས་བཟའ་བཏུང་གི་བསྟེན་ཚུལ་ལ་མཉམ་འཇོག་ལེགས་པོ་བྱེད་དགོས་པ་དང་། ངལ་བཟང་པོ་གསོ་བ། འགོག་ཁབ་བརྒྱབ་ཤུལ་དུ་གཙང་མ་དང་སྐམ་པོ་ཡོང་བར་བྱེད་དགོས། གལ་ཏེ་ཅུང་ཚབས་ཆེ་བའི་མི་བདེ་བའི་སྣང་ཚུལ་འདྲ་ཡོད་ན་མྱུར་དུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས་པའི་དུས་མཚུངས་སུ། འགོག་ཁབ་རྒྱག་མཁན་གྱི་སྨན་པར་ཡར་ཞུ་བྱེད་དགོས།

བདུན། པྲོག་གསར་འགོག་ཁབ་བརྒྱབ་རྗེས་འབྱུང་སྲིད་པའི་སྣང་ཚུལ་གང་དག་ཡོད་དམ།

པྲོག་གསར་འགོག་ཁབ་བརྒྱབ་རྗེས་བརྒྱབ་ཤུལ་དུ་ན་ཟུག་ཅུང་གཏོང་བ་དང་དམར་པོ་དང་སྲ་མོར་འགྱུར་བ་དང་། ལ་ལར་ད་དུང་ཚ་རྒྱག་པ་དང་ངལ་དུབ་འབྱུང་བ་ཡིན། སྤྱིར་བཏང་དུ་ཉིན་གཉིས་ནས་གསུམ་ཙམ་འགོར་ན་རང་བཞིན་གྱིས་མེད་པར་གྱུར་འགྲོ། འདི་དག་ཚང་མ་སྤྱིར་བཏང་གི་སྣང་ཚུལ་ཙམ་ཡིན་པས་དམིགས་བསལ་གྱིས་ཐག་གཅོད་བྱེད་མི་དགོས། གལ་ཏེ་སྣང་ཚུལ་ཅུང་ཚབས་ཆེ་ན་དུས་ཐོག་ཏུ་སྨན་ཁང་དུ་འགྲོ་དགོས།

བརྒྱད། པྲོག་གསར་འགོག་ཁབ་བརྒྱབ་རྗེས་པྲོག་གསར་ནད་དུག་འགོ་སྲིད་དམ།

མིག་སྔར་རང་རྒྱལ་གྱིས་ཆོག་མཆན་བཀོད་པའི་པྲོག་གསར་འགོག་ཁབ་ནི་ནད་དུག་མེད་པར་བཟོ་བའི་འགོག་ཁབ་ཀྱི་ཁོངས་སུ་གཏོགས་པས། དེ་ནི་པེ་ཐ་པེ་ནེ་ཀྲི(贝塔丙内酯)ཞེས་པའི་འདྲེས་སྦྱོར་རྫས་བཀོལ་ནས་མིའི་ཐབས་ཀྱིས་གསོ་སྐྱོང་བྱས་པའི་པྲོག་གསར་ནད་དུག་མེད་པར་བཟོ་བ་ཞིག་ཡིན་ཞིང་། དེས་འགོས་མཆེད་རང་བཞིན་དང་ནད་དུག་རང་བཞིན་མེད་པར་བཟོ་ཐུབ་པར་མ་ཟད། རིམས་འགོག་གི་ནུས་པ་སྲུང་འཛིན་བྱེད་པའི་དུས་མཚུངས་སུ། དེར་མཐུན་གྱི་སྨན་སྦྱོར་དང་ཟུང་འབྲེལ་བྱས་ནས་བཟོས་པའི་འགོག་ཁབ་ཅིག་ཡིན་པས། པྲོག་གསར་འགོག་ཁབ་བརྒྱབ་རྗེས་པྲོག་གསར་ནད་དུག་འགོ་མི་སྲིད་པ་དེ་འདྲ་ཞིག་ཡིན།

བཅུ། མི་གང་དག་ལ་གནས་སྐབས་སུ་པྲོག་གསར་འགོག་ཁབ་རྒྱག་མི་ཉན་པ་ཡིན།

1.འགོག་ཁབ་ཀྱི་གྲུབ་རྫས་གང་རུང་ངམ་སྦྱོར་རྟའི་རིགས་ལུས་ཕུང་ལ་མི་འཕྲོད་པ།

2.མྱུར་བའི་རང་བཞིན་གྱི་ནད་རིགས་དང་དལ་བའི་རང་བཞིན་གྱི་ནད་གཞི་ལྕི་མོའི་སྐོར། ཡང་ན་དལ་བའི་རང་བཞིན་གྱི་ནད་རིགས་གློ་བུར་དུ་ལྡང་ནས་ལུས་ཚ་ལངས་པའི་སྐོར།

3.མངལ་སྦྲུམ་པའི་བུད་མེད།

4.བརྒྱལ་གཟེར་བྱུང་ཡོད་པའི་ནད་པ་དང་དེ་ལས་གཞན་པའི་དབང་རྩའི་མ་ལག་གི་ནད་རིགས་བྱུང་ཡོད་པའི་ནད་པ་དང་ཀི་ལིན་པ་རེ་རྟགས་འདུས་ནད་བྱུང་མྱོང་བའི་ནད་པ་བཅས།

5.སྔོན་ཆད་འགོག་ཁབ་མ་འཕྲོད་པའི་སྣང་ཚུལ་ཚབས་ཆེན་བྱུང་བ་སྟེ། དཔེར་ན། མྱུར་བའི་རང་བཞིན་གྱི་ཚོར་ལྷག་ལོག་པའི་སྣང་ཚུལ་བྱུང་བ་དང་། ཟྭ་འབྲུམ་དང་པགས་ནད་རློན་འབྲུམ། དབུགས་གཏོང་ལེན་དཀའ་བ། ཁྲག་རྩའི་དབང་རྩ་རང་བཞིན་གྱི་ཆུ་སྐྲངས་སམ་གསུས་ཁོག་ན་བ་ལྟ་བུ་དང་། པྲོག་གསར་འགོག་ཁབ་ཀྱི་གྲུབ་རྫས་མི་འཕྲོད་པ།

6.དངངས་འགྱེལ་དང་བརྒྱལ་གཟེར། ཀླད་ནད་དམ་སེམས་ནད་བྱུང་མྱོང་མཁན་ནམ་ཁྱིམ་རྒྱུད་ལ་ནད་དེའི་རིགས་ཡོད་མཁན་བཅས་ལ་གནས་སྐབས་སུ་པྲོག་གསར་འགོག་ཁབ་རྒྱག་མི་ཉན།

བཅུ་གཅིག པྲོག་གསར་འགོག་ཁབ་དང་འགོག་ཁབ་གཞན་པའི་རིགས་མཉམ་དུ་བརྒྱབ་ཆོག་མིན་དང་བར་ཐག་དུས་ཡུན་ག་ཚོད་འཇོག་དགོས་པ་ཡིན།

སྔར་ཡོད་ཀྱི་ཉམས་མྱོང་ལྟར་ན། དུག་སེལ་འགོག་ཁབ་དེ་གཞན་པའི་འགོག་ཁབ་དང་མཉམ་དུ་བརྒྱབ་ནའང་འགོག་ཁབ་ཀྱི་རིམས་འགོག་ནུས་པར་གནོད་པ་མི་ཐེབས་པ་དང་བདེ་འཇགས་རང་བཞིན་ལའང་ཤུགས་རྐྱེན་ཐེབས་མི་སྲིད་མོད། ཡིན་ནའང་པྲོག་གསར་འགོག་ཁབ་ནི་འགོག་ཁབ་གསར་བ་ཡིན་པས།  དེ་ཉིད་འགོག་ཁབ་གཞན་པ་དང་མཉམ་དུ་བརྒྱབ་ཆོག་པའི་བདེ་འཇགས་རང་བཞིན་དང་རིམ་འགོག་ནུས་པར་གནོད་པ་ཐེབས་མིན་སྐོར་ད་དུང་གསལ་བོ་མི་ཤེས་པས། རབ་ཡིན་ན་གནས་སྐབས་སུ་འགོག་ཁབ་གཞན་པ་དང་མཉམ་དུ་མ་བརྒྱབ་ན་བཟང་སྙམ། འོན་ཀྱང་གལ་ཏེ་མྱུར་དུ་ཁྱི་སྨྱོན་ནད་ཀྱི་འགོག་ཁབ་རྒྱག་དགོས་པའམ་ཡང་ན་ལུས་ཕུང་ལ་ཕྱི་རྨས་བཏོད་པར་རྨ་ངན་དུག་མཆེད་ཀྱི་འགོག་ཁབ་རྒྱག་དགོས་པའི་གནས་ཚུལ་ལ་ཐུག་ཚེ། སྔོན་ལ་འགོག་ཁབ་དེའི་རིགས་བརྒྱབ་རྗེས། ཆེས་ཉུང་ནའང་གཟའ་འཁོར་གཉིས་ཙམ་འགོར་རྗེས་ད་གཟོད་པྲོག་གསར་འགོག་ཁབ་བརྒྱབ་ཆོག

བཅུ་གཉིས། པྲོག་གསར་འགོག་ཁབ་བརྒྱབ་རྗེས་དུག་སྲིན་འགོག་རྫས་ཀྱི་ཚད་ལ་ཞིབ་བཤེར་བྱེད་དགོས་སམ།

ཞིབ་དཔྱད་ཚད་ལེན་བྱེད་མི་དགོས་ཏེ། ཞིབ་དཔྱད་ཚད་ལེན་བྱེད་ཐབས་དང་འབྲེལ་ཡོད་ཀྱི་ཚོད་ལྟའི་སྨན་རྫས་གཉིས་ཀྱི་ནུས་ཚད་མི་འདྲ་བས། གནས་ཚུལ་ངོ་མ་རྟོགས་དཀའ་བ་ཡིན། དེ་བས་དམིགས་བསལ་མི་ཚོགས་མ་གཏོགས་ཆེད་དུ་དུག་སྲིན་འགོག་རྫས་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་མི་དགོས་པ་ཡིན།

བཅུ་གསུམ། པྲོག་གསར་གློ་ཚད་དམ་ཡང་ན་མངོན་རྟགས་ཅི་ཡང་མེད་པའི་པྲོག་གསར་ནད་དུག་འགོས་མྱོང་མཁན་ལ་པྲོག་གསར་འགོག་ཁབ་རྒྱག་དགོས་སམ།

ཀྲུང་གོའི་ཞང་ཀང་དང་པི་ལི་ཧྲི། ཧོ་ལན། ཨ་མེ་རི་ཁ་སོགས་ས་ཆའི་གཞི་རྒྱུའི་ཚད་ལེན་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་དམ་པྲོག་གསར་ནད་དུག་འགོས་མྱོང་བའི་མི་དེ་དག་ལའང་ཡང་བསྐྱར་ནད་དུག་འགོས་པའི་མངོན་རྟགས་ཡོད་པས། ནད་དུག་དེ་ཐེངས་གཅིག་ལ་འགོས་པ་ལས་ཚེ་གང་བོར་བསྐྱར་འབྱུང་བྱེད་མི་སྲིད་པའི་སྡོམ་ཚིག་འགོད་མི་ཐུབ་པར་བཤད་ཡོད་མོད། ཡིན་ནའང་སྤྱིར་བཏང་དུ་བཤད་ན། རིམས་ནད་དམ་མངོན་རྟགས་མེད་པའི་ནད་དུག་འགོས་མྱོང་མཁན་ཚང་མར་དེ་དང་འབྲེལ་བའི་དུག་སྲིན་འགོག་རྫས་འབྱུང་སྲིད་པས། པྲོག་གསར་གློ་ཚད་བྱུང་ནས་དྲག་ཟིན་པའི་ནད་པ་དང་ཡང་ན་མངོན་རྟགས་གང་ཡང་མེད་པའི་ནད་དུག་འགོས་མྱོང་མཁན་ལ་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་མི་དགོས་པར་འདོད།

བཅུ་བཞི། པྲོག་གསར་འགོག་ཁབ་བརྒྱབ་རྗེས་པྲོག་གསར་ནད་དུག་གཏན་ནས་འགོ་མི་སྲིད་པ་ཡིན་ནམ།

འགོག་ཁབ་རྒྱག་པ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཕན་ནུས་ལྡན་པའི་བྱེད་ཐབས་ཆེས་བཟང་བོ་ཞིག་ཡིན། ཡིན་ནའང་མིག་སྔའི་བར་དུ་འགོག་ཁབ་གང་ཞིག་ཡིན་རུང་དེའི་སྲུང་སྐྱོབ་ཀྱི་ཚད་བརྒྱ་ཆའི་བརྒྱར་སླེབས་ཐུབ་པ་ཞིག་མེད། པྲོག་གསར་འགོག་ཁབ་ཀྱང་དེ་ལས་མ་འདས་པ་དང་། ལྷག་པར་དུ་དེང་སྐབས་ད་དུང་མི་རྣམས་ལ་རིམས་འགོག་ནུས་པ་ཆགས་མེད་པའི་གནས་ཚུལ་འོག པྲོག་གསར་འགོག་ཁབ་བརྒྱབ་ཟིན་ནའང་ད་དུང་མུ་མཐུད་དུ་འགོག་སྲུང་གི་བྱེད་ཐབས་སྣ་ཚོགས་སྤྱོད་དགོས་ཏེ། དཔེར་ན། ཁ་ཐུམ་རྒྱག་པ་དང་། མི་ཚོགས་འདུ་སར་མི་འགྲོ་བ། ལག་པ་གཙང་མར་བཀྲུ་བ་སོགས་བྱས་ནས། རང་གཞན་གཉིས་ཀའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

བཅོ་ལྔ། མཚོ་ཟས་གསར་བ་དང་སྒོ་ང། ཆིང་མེ་སུའུ་སྨན་རྫས་བཅས་མི་འཕྲོད་པའི་མིས་པྲོག་གསར་འགོག་ཁབ་བརྒྱབ་ཆོག་གམ།

མིག་སྔར་བཀོལ་སྤྱོད་བྱེད་བཞིན་པའི་པྲོག་གསར་འགོག་ཁབ་ཀྱི་གསལ་བྱེད་ཡི་གེའི་སྟེང་དུ། འཛེམ་བྱའི་སྐོར་ནི། འགོག་ཁབ་ཀྱི་གྲུབ་རྫས་གང་རུང་མི་འཕྲོད་པ་དང་། སྦྲུམ་མ། ཡང་ན་སྔོན་ཆད་འགོག་ཁབ་གང་རུང་བརྒྱབ་རྗེས་མི་འཕྲོད་པའི་སྣང་ཚུལ་བྱུང་མྱོང་མཁན། ཚ་རྒྱས་པ་དང་མྱུར་བའི་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་ནད་པ་དང་དལ་བའི་རང་བཞིན་གྱི་ནད་དེ་གློ་བུར་དུ་ཡང་བསྐྱར་འཕར་བའི་ནད་པ་བཅས་ཀྱིས་གནས་སྐབས་སུ་འགོག་ཁབ་རྒྱག་མི་རུང་ཞེས་བྲིས་ཡོད་ལ། མཚོ་ཟས་གསར་བ་དང་སྒོ་ང་། ཆིན་མེ་སུའུ་སྨན་རྫས་བཅས་ནི་པྲོག་གསར་འགོག་ཁབ་ཀྱི་གྲུབ་རྫས་གང་རུང་ཞིག་མིན་ཞིང་། རིམས་འགོག་གོ་རིམ་ཁྲོད་ཟས་རིགས་དང་སྨན་རྫས་ལ་ལ་མི་འཕྲོད་པའི་སྣང་ཚུལ་ཡོད་པ་དེ་ནི་འགོག་ཁབ་རྒྱག་པའི་དམིགས་བསལ་གྱི་འཛེམ་བྱའི་སྐོར་མིན་པས་པྲོག་གསར་འགོག་ཁབ་དེ་བརྒྱབ་ཆོག་པར་འདོད།

བཅུ་དྲུག དབུགས་འཚང་གི་ནད་དང་གྲུམ་བུའི་ནད། གཅིན་སྙིའི་ནད་སོགས་ནད་རིགས་གང་རུང་བྱུང་ཡོད་པའི་ནད་པས་པྲོག་གསར་འགོག་ཁབ་བརྒྱབ་ཆོག་གམ།

མིག་སྔར་བཀོལ་སྤྱོད་བྱེད་བཞིན་པའི་པྲོག་གསར་འགོག་ཁབ་ཀྱི་གསལ་བྱེད་ཡི་གེའི་སྟེང་དུ་བཀོད་པ་ལྟར་ན། དལ་བའི་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་ནད་པས་གཟབ་གཟབ་བྱེད་དགོས་པ་དང་། དལ་བའི་རང་བཞིན་གྱི་ནད་དེ་གློ་བུར་དུ་བསྐྱར་འཕར་བྱུང་བའི་ནད་པས་འགོག་ཁབ་རྒྱག་མི་རུང་བར་བསྟན་ཡོད། དལ་བའི་རང་བཞིན་གྱི་ནད་བྱུང་ཡོད་པའི་ནད་པ་ནི་པྲོག་གསར་གློ་ཚད་ཀྱི་ནད་བབ་ཚབས་ཆེ་བ་དང་འཆི་བའི་ཉེན་ཁ་ཆེ་བའི་སྐོར་ཡིན་པས། དལ་བའི་རང་བཞིན་གྱི་ནད་བྱུང་ཡོད་པའི་ནད་པས་ནད་བབ་འཕར་མེད་པའི་སྐབས་སུ་པྲོག་གསར་འགོག་ཁབ་རྒྱག་དགོས།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།