མངལ་ཆགས་རྗེས་མངལ་གནས་ཀྱི་ལུས་ཀྱི་འགྱུར་བ་དང་བསྟུན་ནས་མའི་ལུས་ཁམས་ལའང་འགྱུར་བ་སྣ་ཚོགས་པ་འབྱུང་། དེ་ཡང་མ་བུ་གཉིས་བདེ་ཐང་ངང་གནས་པའི་ཕྱིར་དུ་སྦྲུམ་མར་གཙང་སྦྲའི་སློབ་སྟོན་བྱེད་པ་ཤིན་ཏུ་གལ་ཆེ། བཟའ་བཏུང་དང་འཚོ་བཅུད་ཀྱི་སློབ་སྟོན། མངལ་གནས་ཀྱི་ལུས་ལ་འཚོ་བཅུད་འདང་བ་དང་བདེ་ཐང་ངང་འཚར་སྐྱེས་འབྱུང་ཐུབ་པའི་ཆེད་དུ་ཚུལ་མཐུན་གྱི་འཚོ་བཅུད་བསྟེན་དགོས།
༡.ཚ་ཚད།མངལ་སྦྲུམ་པའི་སྐབས་སུ་མངལ་གནས་སྦྲུམ་བུ་དང་བུ་རོགས། མའི་ལུས་ཁམས་འཕེལ་སྐྱེ། སྤྲི་དཀར་དང་ཚིལ་རིགས་ལུས་ལ་གསོག་པ། བརྗེ་ཚབ་འཕེལ་བའི་དགོས་མཁོ་དང་བསྟུན་ཆེད། སྦྲུམ་མར་ཚ་ཚད་ཀྱི་མཁོ་ཚད་ཀྱང་ཇེ་མཐོར་འགྲོ་བ་ཡིན། ལྷག་པར་དུ་མངལ་སྦྲུམ་པའི་དུས་བར་མ་དང་དུས་མཇུག་ཏུ་ཤུགས་ཆེ། ཚ་ནུས་ནི་ཟས་ལས་སྤྲི་དཀར་དང་ཚིལ་རིགས། ཐཱན་ཆུ་འདྲེས་སྦྱོར་དངོས་པོ་ལས་ཐོན་པས་དེའི་རིགས་ཁ་སྣོན་བྱས་ཏེ་ལུས་ཁམས་ཀྱི་ཚ་ནུས་ཆ་སྙོམས་བྱེད་དགོས།
༢.སྤྲི་དཀར། ལུས་ཁམས་ལ་མཁོ་བའི་འཚོ་བཅུད་རྫས་གཙོ་བོ་ཞིག་ཡིན། ཕུང་གྲུབ་དང་ཕྲ་ཕུང་གི་གྲུབ་ཆ་ཡིན་པར་མ་ཟད། ཚ་ནུས་མཁོ་འདོན་བྱེད་པར་ཡང་མེད་དུ་མི་རུང་། ལྷག་པར་སྦྲུམ་མར་སྤྲི་དཀར་མཁོ་ཚད་ཇེ་མཐོར་འགྲོ། ཟས་ལས་སྤྲི་དཀར་ནི་སྲན་རིགས་དང་། སྒོ་ངའི་རིགས། ཤ་རིགས་བཅས་ལས་འབྱུང་བ་ཡིན།
༣.ཝེ་ཧྲིན་སུའུ། བདེ་ཐང་རྒྱུན་འཁྱོངས་དང་འཚར་སྐྱེས་ལ་སྐུལ་འདེད། རོ་ཙའི་ནུས་པ་སྙོམས་སྒྲིག་བྱེད་པའི་འཚོ་བཅུད་རྫས་ཤིག་ཡིན། གལ་ཏེ་སྦྲུམ་མར་ཝེ་ཧྲིན་སུའུA.B.C.D.Eདང་ལོ་མའི་སྐྱུར་རྒྱུའི་མ་འདང་ན་མངལ་ཤོར་བ་དང་ཡ་མ་གཟུགས། མངལ་ཤི་འབྱུང་བའི་ཉེན་ཁ་ཆེ། ཝེ་ཧྲིན་སུའུ་འདི་རིགས་ཀྱི་ཡོངས་ཁུངས་ནི་སྔོ་ཚོད་རིགས་དང་སིལ་ཏོག སྲན་རིགས། ཤ་རིགས་བཅས་ཡིན། མདོར་ན་མ་བུ་གཉིས་ཀྱི་བདེ་ཐང་གི་ཆེད་དུ་སྨན་ལྷག་ལོག་པར་མི་འགྲོ་བ་གལ་ཆེ། ཉིན་རེར་སྒོ་ངའི་རིགས་དང་། སྲན་མའི་རིགས། སྔོ་ཚོད། ཝེ་ཧྲིན་སུའུ། ཀའེ་དང་ལྕགས་འདུས་པའི་ཟས་རིགས་ཁ་སྣོན་བྱེད་དགོས། སྤྱིར་ཚྭ་ལ་ཚད་བཀག་མེད་ཀྱང་སྦྲུམ་མཇུག་ཏུ་ཚྭ་མང་དུ་མ་བསྟེན་ན་བཟང་། སྤྱོད་ལམ་ཉིན་མར་རན་ཙམ་བསྟེན་ན་བཟང་།
སྦྲུམ་དུས་ཀྱི་གཙང་སྦྲ།
༡.ལས་ཀ་དང་ངལ་གསོ། བདེ་ཐང་གི་སྦྲུམ་མས་ལས་ཀ་ཅི་བདེར་བྱས་ཆོག འོན་ཀྱང་དུག་ལྡན་དབུགས་གཟུགས་དང་རྫས་འགྱུར་དངོས་རྫས་ལ་འབྲེལ་ཐུག་ཡོད་པའི་ལས་ཀ་བྱེད་མི་རུང་། ཉིན་རེར་ཆུ་ཚོད་བརྒྱད་ནས་དགུ་ཙམ་ལ་གཉིད་དགོས། ལས་ཀ་ལྗིད་མོའི་རིགས་མི་ལས་པ་དང་གཉིད་ཆག་མི་རུང་།
༢.གཙང་སྦྲར་དོ་སྣང་བྱེད་པ། མངལ་སྦྲུམ་པའི་སྐབས་སུ། རྔུལ་ཆུའི་གཤེར་རྨེན་དང་པགས་ཚིལ་གཤེར་རྨེན་ཟགས་ཐོན་བྱེད་པ་ཅུང་མང་བས་དུས་རྒྱུན་ཁྲུས་བྱེད་དགོས། སྐྱེ་ལམ་གཙང་མར་བཀྲུ་བ་དང་དུས་ལྟར་ནང་ལྭ་བརྗེ་གསོར་བྱེད་པ། ཟླ་བདུན་ཙམ་འགོར་བའི་རྗེས་སུ་གནམ་འབབ་ཆུར་ཁྲུས་བྱེད་པ་ལས་གཞོང་ཁྲུས་སྤངས་དགོས་ཏེ་ཙོག་ཆུ་སྐྱེ་ལམ་ལ་ཤོར་ནས་འགོས་མཆེད་ཀྱི་ནད་བསྐྱེད་སྲིད།
༣.ནུ་མ་དང་ནུ་མགོའི་འཕྲོད་བསྟེན། ཟླ་བ་ལྔ་དྲུག་ནས་མགོ་བརྩམས་ཏེ་འདག་རྫས་དང་ཆུས་ཉིན་རེར་གཙང་ཕྱིད་བྱེད་པ། ནུ་མགོའི་ཟགས་ཐོན་དངོས་པོའི་དྲེག་པ་དག་པར་བྱས་རྗེས་སྣུམ་བྱུག་སྟེ་བང་ནང་དུ་ནུ་མ་བསྣུན་པར་བདག་སྐྱོང་བྱེད་དགོས། ནུ་མགོ་ཁོང་དུ་འཛུལ་ཡོད་ན་རྗེས་སོར་ནུ་མ་བསྣུན་དཀའ་བས་ཉིན་རེར་ཕྱིར་འཐེན་ཙམ་བྱེད་དགོས།
༤.ཉལ་བོ་སྤྱོད་ཚུལ། སྦྲུམ་དུས་ཀྱི་མགོ་མའི་ཟླ་བ་གསུམ་དང་སྦྲུམ་མཇུག་ཏུ་ཉལ་བོ་སྤྱད་ན་མངལ་ཤོར་བ་དང་། དུས་མ་ཚང་བར་སྐྱེ་བ། འགོས་མཆེད་ཀྱི་ནད་འབྱུང་བའི་ཉེན་ཁ་ཆེ་བས་འཛེམ་དགོས།
༥. བཤང་བ། མངལ་སྦྲུམ་པའི་སྐབས་སུ་རྒྱུ་མའི་འགུལ་སྐྱོད་ཇེ་ཞན་དུ་འགྲོ་ཞིང་། ལུས་སྦྱོང་བྱེད་ཚད་ཀྱང་ཇེ་ཉུང་གྱུར་བས་བཤང་འགག་འབྱུང་སླ། དེའི་རྐྱེན་གྱིས་སིལ་ཏོག་དང་སྔོ་ཚོད་མང་དུ་ཟ་བ་ལས། སྦྱོང་སྨན་རྩུབ་པོའི་རིགས་བསྟེན་མི་རུང་སྟེ་མངལ་ཤོར་རམ་དུས་མ་ཚང་བར་སྐྱེ་བའི་ཉེན་ཁ་ཆེ།
༦.སྦྲུམ་མས་སྨན་བསྟེན་ཚུལ། གལ་ཏེ་ངེས་པར་དུ་སྨན་བསྟེན་དགོས་བྱུང་ན་སྦྲུམ་བུའི་འཚར་སྐྱེས་ལ་གནོད་པ་ཡོད་མེད་ལ་བསམ་བློ་ཞིབ་ཏུ་གཏོང་དགོས། གཤམ་གྱི་སྨན་འདི་རིགས་སྦྲུམ་བུར་གནོད་པ་ཡིན། སྲིན་སྨན་གྱི་རིགས་ལ་སི་དཔན་སུའུ། ལོའུ་མེ་སུའུ། ཅིན་མེ་སུའུ། ཁ་ན་མེ་སུའུ། ལེན་མེ་སུའུ་ལྟ་བུ་དང་། སྐྲན་སྨན་གྱི་རིགས་དང་སྐུལ་རྩའི་སྨན་རིགས། ཁི་ཏི་སུང་། མཚན་མའི་སྐུལ་རྩི་སྐོར་ཞིག དཔེར་ན་མོ་གཤིས་སྐུལ་རྩི། བདེར་འབེབ་སྨན་དང་དུག་འཇོམས་སྨན། བརྒྱལ་གཟེར་འགོག་པའི་སྨན་སྐོར་ཞིག ཁྲག་གི་མ་ལག་གི་སྨན་སྐོར་ཞིག་ཀྱང་གནོད་པ་ཡིན། ལྷག་པར་དུ་སྦྲུམ་སྟོད་ལ་སྨན་བསྟེན་དུས་མཉམ་འཇོག་བྱེད་དགོས། ནང་སྒོས་སུ་མོ་གཤིས་སྐུལ་རྩིའི་རིགས་ཀྱི་སྨན་མང་ཆེ་བ་སྦྲུམ་དུས་སུ་སྤང་དགོས།
༧.སེམས་ཁམས་གནད་དོན། སྦྲུམ་མས་ཟས་སྤྱོད་ལ་ཡིད་འཇོག་ལེགས་པོར་བྱེད་པ་དང་། རྒྱུན་དུ་སེམས་སྐྱིད་པར་གནས་པ། ཁོང་ཁྲོ་དང་ཞེ་སྡང་གི་དབང་དུ་འགྲོ་བ་སོགས་སྤང་ཐུབ་པ་བྱུང་ན་སྦྲུམ་བུ་ལེགས་པར་འཕེལ་བ་ལ་ཤིན་ཏུ་ཕན། སྨན་པ་རྣམས་ཀྱིས་སྦྲུམ་མའི་སེམས་ཁུར་དང་ཡིད་མི་བདེ་བའི་འབྱུང་རྐྱེན་མཐའ་དག་ལ་སློབ་གསོ་དང་སེམས་གསོའི་ཐབས་ཤེས་ལེགས་པར་སྤྱད་དེ་མངལ་གནས་དེ་ཉིད་ཐ་མལ་ནད་མེད་ཀྱིས་འཇིག་རྟེན་འདིར་འོང་བར་རྒྱུ་རྐྱེན་གྱི་ཚོགས་པ་གྱ་ནོམ་པ་བསྒྲུབ་དགོས།
༨.སྦྲུམ་རྟེན་སློབ་གསོ། ཞིབ་འཇུག་བྱས་པ་ལྟར་ན། མངལ་གནས་སྦྲུམ་བུར་ཆ་འཕྲིན་བསྡུ་ལེན་བྱེད་པའི་ནུས་པ་ལྡན་པས། སྦྲུམ་རྟེན་སློབ་གསོར་བརྟེན་ནས་མངལ་གནས་སྦྲུམ་བུའི་བློ་གྲོས་དང་གཤིས་སྤྱོད་བཟང་བོ་སྐྱེད་སྲིང་བྱེད་ཆོག སྦྲུམ་རྟེན་སློབ་གསོ་ལ་གླུ་དབྱངས་ཀྱི་ལམ་ནས་བྱེད་པ་དང་སྐད་ཆའི་ལམ་ནས་བྱེད་པ་སོགས་རིགས་དང་ཐབས་ལམ་མང་པོ་ཡོད། འོན་ཀྱང་སྦྲུམ་རྟེན་སློབ་གསོར་བཀོལ་བའི་གླུ་དབྱངས་ནི་སྙན་ཞིང་འཇེབས་པ་ཙམ་གྱིས་མི་ཆོག་པར་དེ་ལ་གསོ་རིག་དང་སྒྲ་རིག་ཆེད་ལས་ཀྱི་བརྟག་དཔྱད་མཛུབ་སྟོན་འོག་ནས་བསྟེན་དགོས་པས། སྒྲ་ཐག་དང་འོད་སྡེར་སོགས་ལག་ལ་གང་རྙེད་ཀྱིས་བྱས་ན་བྱིས་པའི་རྣ་དང་ཀླད་པ་ལ་གནོད་པའི་སྐབས་ཀྱང་འབྱུང་བས་གཟབ་དགོས།།
རྩོམ་སྒྲིག་པ། འབྲུག་མོ།