གཅིན་བསྲན་དྲགས་ན་གནོད་པ་གང་དག་ཡོད།
2021.06.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

ང་ཚོས་ཉིན་རེར་ཆུ་མང་པོ་འཐུང་གིན་ཡོད་པ་དང་། འཐུང་ཟིན་པའི་ཆུ་དེ་དག་ལས་མང་ཆེ་བ་ཞིག་ལུས་པོས་བེད་སྤྱོད་བྱས་རྗེས། བེད་སྤྱོད་མ་བྱས་པའི་ཆུ་ཉུང་ཤོས་ཤིག་བེད་མེད་དངོས་པོ་གཞན་དག་དང་མཉམ་དུ་གཅིན་ལམ་བརྒྱུད་དེ་ཕྱིར་ཕུད་ཀྱིན་ཡོད།

གཅིན་དུ་གྱུར་རྗེས་ལྒང་བུག་གི་ནང་དུ་གསོག་ཉར་བྱས་ཏེ་ཚད་ངེས་ཅན་ཞིག་ལོངས་རྗེས། མིའི་ཀླད་ཆེན་གྱི་ཚོར་བ་ལ་བརྟེན་ནས་དུས་ཐོག་ཏུ་ཕྱིར་ཕུད་ཀྱིན་ཡོད། ཡིན་ཡང་། གྲོགས་པོ་ཆུང་ཆུང་མི་ཉུང་བ་ཞིག་བྱིས་སྙོར་ཁང་དང་སློབ་གྲྭ་རུ་ཡོད་སྐབས། གཅིན་ཡོད་ནའང་དགེ་རྒན་ལ་བཤད་མི་ཕོད་པ་དང་བཤད་པར་ངོ་གནོང་བའི་དབང་གིས་གཅིན་བསྲན་གྱིན་ཡོད་པ་དང་། དེ་ལྟར་བསྲན་ཡུན་རིང་དྲགས་ན་མིའི་ལུས་པོར་གནོད་པ་ཆེན་པོ་ཡོད།

མིའི་ལུས་སྟེང་གི་གཅིན་པ་གསོག་ཉར་བྱེད་པའི་ལྒང་བུག་ལ་བརྐྱང་བསྐུམ་རང་བཞིན་ལྡན་པས། དུས་རྒྱུན་དུ་ལྒང་བུག་དེ་ཆུང་ངུར་ཆགས་ཡོད་པ་དང་ལྒང་བུག་གི་ནང་དུ་གཅིན་གསོག་པ་ཇི་ལྟར་མང་ན་དེ་ལྟར་ཇེ་ཆེར་འགྲོ་བཞིན་ཡོད། ཡིན་ཡང་། ལྒང་བུག་གི་བསྐྱང་བསྐུམ་རང་བཞིན་ལ་ཚད་ཡོད་པས་གཅིན་པ་བསགས་ནས་ཚད་ངེས་ཅན་ཞིག་ལ་སླེབས་ནའང་། གཅིན་པ་མ་བཏང་བར་བསྲན་ཡུན་རིང་དྲགས་ན་ལྒང་བུག་གི་བསྐྱང་བསྐུམ་ལས་བརྒལ་ཏེ། རྒྱུན་ལྡན་གྱི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཏེ་ཀླད་པའི་བཀོད་འདོམས་ལ་ཉན་པའི་ནུས་པའང་ཤོར་འགྲོ་བ་རེད། དེའི་ཕྱིར། དུས་ཡུན་རིང་པོར་གཅིན་བསྲན་ན་ལྒང་བུག་གི་བསྐྱང་བསྐུམ་ནུས་པ་ཤོར་ཏེ་སླར་གསོ་བྱེད་དཀའ་བར་མ་ཟད། གཅིན་པ་བསྲན་ཡུན་རིང་ན་ལུས་སྟེང་གི་བེད་མེད་དངོས་པོ་ཕྱིར་གཏོང་བྱེད་མི་ཐུབ་པར་གཅིན་དུག་ཕོག་སྲིད། །

རྩོམ་སྒྲིག་པ། འབྲུག་མོ།