མི་རྒས་རྒྱུ་ཡོད་པའི་རྒྱུ་མཚན་ཅི།
2021.06.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

མིའི་ལུས་ཁམས་ཀྱི་ཆེས་གཞི་རྩར་གྱུར་པའི་གྲུབ་ཆ་ནི་ཕྲ་ཕུང་ཡིན་ཞིང་། ཕྲ་ཕུང་རྒྱུན་ཆད་མེད་པར་གྲུབ་པ་དང་ཆབས་ཅིག་ཏུ་རྒྱུན་ཆད་མེད་པར་ཤི་འགྲོ་བ་རེད། ཕྲ་ཕུང་གི་སྤྱི་འབོར་ནི་ཕལ་ཆེར་འགུལ་རྣམ་གྱི་དོ་མཉམ་ཞིག་ཏུ་སྲུང་འཛིན་བྱས་ཡོད། དབང་རྩའི་ཕྲ་ཕུང་ལས་གཞན། མིའི་ལུས་སྟེང་གི་ཕྲ་ཕུང་ཡོད་ཚད་ཕལ་ཆེར་ལོ6ནས7གྱི་ནང་དུ་བརྗེ་སྤོར་བྱེད་ཀྱིན་ཡོད་པས། མིའི་ལུས་པོར་ནམ་ཡང་གསོན་ཤུགས་རྒྱས་ཡོད།

འོན་ཀྱང་། མིའི་ལུས་ཁམས་ཀྱི་དབང་རྩའི་ཕྲ་ཕུང་ལ་བསྐྱར་སྐྱེ་བྱེད་ནུས་མེད་པས་གསར་སྒྱུར་བྱེད་ཐབས་མེད། དབང་རྩའི་ཕྲ་ཕུང་སྐྱེ་འཕེལ་དང་། རྒས་འགྱུར། ཤི་བ་བཅས་བྱུང་བ་དང་བསྟུན་ནས་མིའི་ཚེ་སྲོག་ཧྲིལ་པོ་ཡང་གཞོན་པ་ནས་རྒས་པར་འགྱུར་བ་དང་། མཐར་ཤི་བའི་གོ་རིམ་ཞིག་བརྒྱུད་ཀྱིན་ཡོད། དེང་རབས་གསོ་རིག་གི་ལྟ་ཚུལ་ལྟར་ན། དབང་རྩའི་ཕྲ་ཕུང་རྒས་པ་དང་བསྟུན་ནས། དཀྱིལ་གཞུང་དབང་རྩའི་མ་ལག་དང་རྩི་ཤིང་དབང་རྩའི་མ་ལག་གིས་དེའི་རྒྱུན་ལྡན་གྱི་བྱེད་ནུས་རྒྱུན་འཁྱོངས་བྱེད་མ་ཐུབ་པའི་དབང་གིས། ལུས་པོའི་ཁོར་ཡུག་གི་བརྟན་འཇགས་སྣང་ཚུལ་ལ་གཏོར་བརླག་ཐེབས་པ་ལས་རྒས་འགྱུར་བྱུང་བ་རེད།

གཞན་ཡང་ལུས་པོ་རྒས་པ་དེ་གསང་རྒྱུད་ཟགས་གཤེར་གྱི་འགྱུར་ལྡོག་དང་ཡང་འབྲེལ་བ་ཡོད། ཞིབ་འཇུག་པས་ཤེས་རྟོགས་བྱུང་བ་ལྟར་ན། སྐུལ་རྩི་མཐོ་དྲགས་པའམ་དམའ་དྲགས་པ་དང་དོ་མི་མཉམ་པ་གང་ཞིག་ཡིན་རུང་རྒས་ཚད་ཇེ་མགྱོགས་སུ་གཏོང་བ་རེད། མིའི་ལུས་པོས་རྙིང་ཚབ་གསར་བརྗེ་བྱེད་པའི་གོ་རིམ་ཁྲོད་ལུས་པོར་གནོད་པའི་དུག་རྒྱུ་རྒྱུན་ཆད་མེད་པར་ཐོན་སྲིད་པས། དེ་དག་ལུས་པོའི་ནང་དུ་བསོགས་ནའང་རྒས་ཚད་ཇེ་མགྱོགས་སུ་འགྲོ་བ་རེད།

རྩོམ་སྒྲིག་པ། འབྲུག་མོ།