ཉེ་དུས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བར་དམིགས་ནས་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གསར་འགོད་པའི་དྲི་བར་ལན་བཏབ།
2021.06.08 ཁུངས། ཟི་ལིང་དགོང་དྲོའི་ཚགས་པར། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་དྲུག་ཉིན། གསར་འགོད་པས་ཉེ་ཆར་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བའི་ཐད་ནས་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བར་བཅར་འདྲི་བྱས།

ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མིག་སྔར་གྲོང་ཁྱེར་ཡོངས་སུ་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བ་དེ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས། མི་རྣམས་སེམས་འཚབ་དང་སེམས་ཁྲལ་ཅི་ཡང་བྱེད་མི་དགོས་པར་ ལུགས་མཐུན་ངང་དུས་ཚོད་བཀོད་སྒྲིག་བྱས་ནས་གོ་རིམ་ལྡན་པའི་ངང་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་དྲན་སྐུལ་བྱས་པར་མ་ཟད།  མིག་སྔར་རིམས་འགོག་སྨན་ཁབ་རྒྱག་པར་ཚང་མས་ཆེས་དོ་ཁུར་དང་དོ་སྣང་བྱེད་བཞིན་པའི་གནད་དོན་གཙོ་བོའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ།

གཅིག ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་དགུ་ཉིན་གྱི་རྗེས་སུ་ཟི་ལིང་དུ་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་མཚམས་བཞག་སྟེ་འགོག་ཁབ་མི་རྒྱག་ཅེས་པ་བདེན་པ་ཡིན་ནམ།

ལན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས། ཟླ་དྲུག་པའི་ཚེས་བཅུ་ནས་ཚེས་སུམ་ཅུའི་ཉིན་བར། འགོག་ཁབ་ཐེངས་དང་པོ་བརྒྱབ་ཟིན་པའི་མི་རྣམས་ལ་འགོག་ཁབ་ཐེངས་གཉིས་པ་རྒྱག་དགོས། ཡིན་ནའང་དམིགས་བསལ་མི་སྣ་སྟེ། ཕྱི་རྒྱལ་དུ་འགྲོ་དགོས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་གཞན་དག་ཡོད་པ་སོགས་དམིགས་བསལ་གྱི་གནས་ཚུལ་ཡོད་མཁན་་དག་ལ་མུ་མཐུད་དུ་ཐེངས་དང་པོའི་རིམས་འགོག་སྨན་ཁབ་བརྒྱབ་ཆོག འགོག་ཁབ་ཐེངས་གཉིས་པ་རྒྱག་དགོས་པའི་མི་རྣམས་ཀྱིས་ཟླ་དྲུག་པའི་ཚེས་བཅུ་ནས་ཚེས་སུམ་ཅུའི་ཉིན་བར་གང་ནུས་སྒོས་རྒྱག་ཐབས་བྱེད་དགོས། ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་རིམས་འགོག་སྨན་ཁབ་ཐེངས་དང་པོ་དང་ཐེངས་གཉིས་པ་རྒྱག་པའི་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་རེད། དེ་བས་འགོག་ཁབ་རྒྱག་མཚམས་འཇོག་རྒྱུ་ཡིན་པའི་དགོས་མེད་ཀྱི་སེམས་ཁྲལ་དེ་རིགས་གཏན་ནས་བྱེད་མི་དགོས།

གཉིས།ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་དགུ་ཉིན་གྱི་རྗེས་སུ་ཟི་ལིང་དུ་རིམས་འགོག་སྨན་ཁབ་རྒྱག་པར་རིན་བསྡུ་དགོས་ཞེས་པ་བདེན་པ་ཡིན་ནམ།

ལན། རིམས་འགོག་སྨན་ཁབ་ལ་དམངས་ཡོངས་ཀྱིས་སྨན་རིན་སྟེར་མི་དགོས་པར་རྒྱག་བཞིན་ཡོད་པ་དང་། མི་སྒེར་གྱིས་འགན་ཅི་ཡང་འཁུར་མི་དགོས་པར་འགྲོ་གྲོན་ཡོད་ཚད་རྒྱལ་ཁབ་ཀྱིས་འགན་ལེན་བྱེད་བཞིན་ཡོད་པ་རེད།

གསུམ།རིམས་འགོག་སྨན་ཁབ་མ་བརྒྱབ་ན་ཞིང་ཆེན་བརྒལ་ནས་ས་གནས་གཞན་པ་གང་དུའང་འགྲོ་མི་ཆོག་ཅེས་པ་བདེན་ནམ།

ལན། མིག་སྔའི་བར་རིམས་འགོག་སྨན་ཁབ་མ་བརྒྱབ་ན་ས་གནས་གཞན་པར་འགྲོ་མི་ཆོག་པའི་བརྡ་སྦྱོར་གང་ཡང་འབྱོར་མེད།

བཞི། རིམས་འགོག་སྨན་ཁབ་རྒྱག་ཡུལ་དུ་སླེབས་རྗེས་རིམས་འགོག་སྨན་ཁབ་མེད་པའི་གནས་ཚུལ་དེ་རིགས་མུ་མཐུད་འབྱུང་སྲིད་དམ།

ལན། ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་རིམས་འགོག་སྨན་ཁབ་ནི་ཞིང་ཆེན་རིམ་པས་གཅིག་གྱུར་ངང་མཁོ་སྤྲོད་བྱེད་བཞིན་ཡོད་པས། གནས་སྐབས་སུ་མཁོ་འདོན་བྱེད་རྒྱུར་དཀའ་ངལ་བྱུང་ཡང་དེ་ནི་གནས་སྐབས་ཙམ་ཡིན་ལ། རྗེས་མར་མུ་མཐུད་ནས་མཁོ་འདོན་བྱེད་སྲིད་པས། མི་རྣམས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་ཡུལ་གྱི་སྤྱི་བསྒྲགས་ལ་དོ་སྣང་ཆེན་པོ་བྱེད་དགོས།

ལྔ། རིམས་འགོག་སྨན་ཁབ་དང་པོ་དེ་ས་ཆ་གཞན་ནས་བརྒྱབ་པ་དང་།  བཟོ་གྲྭ་ནི་པེ་ཅིན་སྐྱེ་དངོས་ཀུང་སི་རེད། དམིགས་བསལ་གྱི་གནས་ཚུལ་དབང་གིས་ཟི་ལིང་དུ་སྨན་ཁབ་ཐེངས་གཉིས་པ་རྒྱག་དགོས་ཚེ་ཇི་ལྟར་བྱེད་དགོས་པ་དང་གང་དུ་སོང་ནས་འགོག་ཁབ་རྒྱག་དགོས།

ལན། ཟི་ལིང་གྲོང་ཁྱེར་གྱི་པེ་ཅིན་སྐྱེ་དངོས་རིམས་འགོག་སྨན་ཁབ་དེ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་སྒོ་བསྟེན་ཁང་དུ་སོང་ནས་བརྒྱབ་ཆོག མིག་སྔར་རིམས་འགོག་སྨན་ཁབ་ཐེངས་དང་པོ་བརྒྱབ་ཟིན་པའི་ཕྱི་ཡོང་མི་སྣར། རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་དགོས་ཚེ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོར་སོང་ནས་བརྒྱབ་ཆོག

དྲུག་པ། གྲོང་ཁྱེར་སྡོད་དམངས་ཀྱིས་པྲོག་གསར་འགོག་ཁབ་རྒྱག་པར་དྲ་ཐོག་ནས་ཁ་ཆད་ཐོ་འགོད་བྱེད་ཆོག་གམ།

ལན། མིག་སྔར་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་སྨན་ཁབ་རྒྱག་ས་ཁོ་ནར་དྲ་ཐོག་ནས་ཁ་ཆད་ཐོ་འགོད་བྱེད་ཆོག་པ་ཡིན། དེ་དང་ཆབས་ཅིག་ང་ཚོས་ལག་འཁྱེར་ཁ་པར་གྱིAPPདང་སྤྱི་སྟེགས་སྟེང་ནས་ཁ་ཆད་ཐོ་འགོད་བྱེད་ཆོག་པའི་ནུས་པར་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་ཅིང་། ལག་འཁྱེར་ཁ་པར་སྤྱོད་མི་ཤེས་པའི་མི་རྣམས་སྔར་བཞིན་འགོག་ཁབ་རྒྱག་ཡུལ་དུ་གྲལ་བསྒྲིགས་ནས་ཨང་རྟགས་ལེན་དགོས་ལ། ལོ་རེ་ལྔའི་ཡན་གྱི་རྒན་པར་ཆེད་དུ་གྲལ་བསྒྲིགས་མི་དགོས་པའི་སྟབས་བདེའི་གང་ལེགས་བསྐྲུན་ཡོད།

བདུན་པ། པྲོག་གསར་ནད་དུག་གི་འགོག་ཁབ་དེ་ཞིང་ཆེན་གཞན་ནམ་ཡང་ན་ས་ཁུལ་གཞན་ནས་བརྒྱབ་ཆོག་གམ།

ལན། རྒྱལ་ནང་གི་ཞིང་ཆེན་གཞན་ནས་པྲོག་གསར་ནད་དུག་མེད་པར་བཟོ་བའི་འགོག་ཁབ་ཐེངས་དང་པོ་བརྒྱབ་པའི་མིས་ཟི་ལིང་གྲོང་ཁྱེར་དུ་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་བརྒྱབ་ཆོག་པ་དང་། རྒྱལ་ནང་གི་ཞིང་ཆེན་གཞན་ནས་བསྐྱར་སྒྲིག་སྤྲི་དཀར་གྱི་པྲོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ཡོད་མཁན་དག་ལ། ཟི་ལིང་གྲོང་ཁྱེར་ལ་མིག་སྔར་རིམས་འགོག་སྨན་ཁབ་དེ་རིགས་མེད་པས་ཟི་ལིང་གྲོང་ཁྱེར་དུ་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་མི་ཐུབ་པ་རེད།

མང་ཚོགས་ཀྱིས་ཞིང་ཆེན་ལས་བརྒལ་བའམ་ཡང་ན་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་ནས་རིམས་འགོག་སྨན་ཁབ་རྒྱག་དགོས་ཚེ་སྨན་ཁབ་བརྒྱབ་པའི་ལག་ཁྱེར(ཤོག་རིགས་ཀྱི་ལག་ཁྱེར། བདེ་ཐང་ཨང་རྟགས་སོགས་གློག་རྡུལ་ལག་ཁྱེར)མཁོ་འདོན་བྱས་ནས་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་འཐུས་ཚང་ཡོང་བའི་འགན་ལེན་བྱེད་དགོས། འགོག་སྨན་རྒྱག་པའི་ལས་ཁུངས་དང་མི་སྣས་《པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལག་རྩལ་ཕྱོགས་སྟོན》(པར་གཞི་དང་པོ)གཞིར་བཟུང་ནས། རིགས་འདྲའི་རིམས་འགོག་སྨན་ཁབ་བདམས་ནས་བརྒྱབ་ཆོག་པར་མ་ཟད། འགོག་སྨན་རྒྱག་པའི་འཛིན་ཡིག་སྟེང་གནས་ཚུལ་ཐོ་འགོད་བྱ་དགོས།

བརྒྱད་པ། རིགས་མི་འདྲ་བའི་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཀྱིས་ཕན་ཚུན་ཚབ་བྱེད་ཆོག་གམ།

ལན།《པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན》གྱི་བླང་བྱ་ལྟར། མིག་སྔར་རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་གཅིག་འདྲར་བརྟེན་ནས་འགོག་ཁབ་རྒྱག་དགོས་པ་དང་། རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་གཅིག་འདྲས་འགོག་ཁབ་རྒྱག་ཐབས་མེད་པའི་སྐབས་སུ། ཁེ་ལས་གཞན་དག་གིས་ཐོན་སྐྱེད་བྱས་པའི་རིགས་མཐུན་རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་སྤྱད་དེ་འགོག་ཁབ་རྒྱག་པ་ཡོངས་འགྲུབ་བྱེད་དགོས། གལ་ཏེ་རིགས་འདྲའི་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་ཐབས་བྲལ་ནས་མུ་མཐུད་དུ་རྒྱག་མ་ཐུབ་ན། ཆ་རྐྱེན་འཛོམས་པའི་དུས་སུ་དེར་བསྟུན་གྱི་སྨན་ཐེངས་ཁ་གསབ་བྱེད་དགོས།

དགུ། རང་རྒྱལ་གྱིས་བཟོས་པའི་པྲོག་གསར་ནད་དུག་རིམས་འགོག་སྨན་ཁབ་ཀྱིས་རྒྱུད་འགྱུར་ནད་དུག་ལ་ནུས་པ་ཐོན་ནམ།

ལན། མིག་སྔར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་རིམ་པ་གསུམ་པའི་ནད་ཐོག་ལག་ལེན་ཁྲོད་ཐོབ་པའི་དྭངས་ཁྲག་ནང་སྣོལ་སྡེབ་ཚོད་ལྟ་བྱས་ཡོད་དེ། ཧྥེ་གླིང་ལྷོ་མ་ནས་ཤེས་རྟོགས་བྱུང་བའི་ནད་དུག་དང་། དབྱིན་ཇིས་ཤེས་རྟོགས་བྱུང་བའི་ནད་དུག ཀྲུང་གོའི་ས་ཁུལ་མི་འདྲ་བ་ནས་ཤེས་རྟོགས་བྱུང་བའི་ནད་དུག་བཅས་ལ་ཕན་ཚུན་སྣོལ་སྡེབ་ཚོད་ལྟ་བྱས་ཡོད། མིག་སྔའི་བར་དྭངས་ཁྲག་དེ་དག་གིས་སྔར་བཞིན་ནད་དུག་དེ་དག་དང་སྙོམས་སྦྱོར་འགྱུར་འབྱུང་གི་སྣང་ཚུལ་བཟང་པོ་ཐོན་ནས་རིམས་འགོག་སྨན་ཁབ་ལ་སྲུང་སྐྱོང་རང་བཞིན་བཟང་པོ་ལྡན་པ་གསལ་བཤད་བྱས་ཡོད། གཞན་ཡང་ནད་དུག་གི་རྒྱུད་འགྱུར་ནི་རང་བཞིན་གྱིས་གྲུབ་པ་ཡིན་པས་དེ་ནི་ཡུན་རིང་དུ་གནས་པ་ཞིག་ཡིན། མིག་སྔར་བལྟས་ན་ནད་དུག་གི་རྒྱུད་འགྱུར་ལ་ཚོད་འཛིན་བྱེད་ཐུབ་ཚེ། རིམས་འགོག་སྨན་ཁབ་ཀྱིས་སྔར་བཞིན་སྲུང་སྐྱོབ་ཀྱི་ནུས་པ་ལེགས་པོ་ཐོན་ཐུབ།

བཅུ་བ། པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ལ་ཁབ་ཐེངས་གཅིག་ཅན་དང་། ཁབ་ཐེངས་གཉིས་ཅན། ཁབ་ཐེངས་གསུམ་ཅན་ཡོད་ཅིང་དེ་ལས་གང་ཞིག་བཟང་ངམ།

ལན། མིག་སྔར་རྒྱལ་ནང་གི་ཚོང་རར་བཏོན་པའི་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཚང་མ་ནི་སྨན་རྫས་ལྟ་སྐུལ་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་པ་ཞིག་ཡིན་ཞིང་། དེའི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་ཚང་མར་གཞི་གྲངས་ངེས་ཅན་ཞིག་གིས་བདེན་དཔང་བྱས་ཡོད་པས། སེམས་བདེ་མོའི་ངང་སྨན་ཁབ་བརྒྱབ་ཆོག  དམིགས་བསལ་གྱི་མི་ཚོགས་མ་གཏོགས་མི་ཚང་མར་རིམས་འགོག་སྨན་ཁབ་རིགས་གསུམ་པོ་དེ་གང་ཞིག་རྒྱག་ཐུབ་ན་དེ་བརྒྱབ་ཆོག ད་ལྟའི་དུས་སུ་ཟི་ལིང་གྲོང་ཁྱེར་གྱིས་བཀོལ་བཞིན་པ་ནི་ཁབ་ཐེངས་གཉིས་ཅན་གྱི་པྲོག་གསར་ནད་དུག་མེད་པའི་བཟོ་བའི་འགོག་ཁབ་དེ་ཡིན།

བཅུ་གཅིག རིམས་འགོག་སྨན་ཁབ་ཐེངས་གཉིས་པ་ནམ་ཞིག་ལ་རྒྱག་དགོས་སམ།

ལན། མིག་སྔར་ཟི་ལིང་གྲོང་ཁྱེར་གྱིས་སྤྱོད་བཞིན་པ་ནི་པྲོག་གསར་ནད་དུག་མེད་པར་བཟོ་བའི་རིམས་འགོག་སྨན་ཁབ་ཡིན་པས། རིམས་འགོག་སྨན་ཁབ་ཐེངས་གཉིས་ལ་རྒྱག་དགོས། རིམས་འགོག་སྨན་ཁབ་ཐེངས་དང་པོ་བརྒྱབ་ནས་གཟའ་འཁོར་གསུམ་ནས་གསུམ་ཡན་འགོར་རྗེས་འགོག་ཁབ་ཐེངས་གཉིས་པ་རྒྱག་དགོས།

བཅུ་གཉིས། རིམས་འགོག་སྨན་ཁབ་བརྒྱབ་རྗེས་ད་དུང་ཁ་ཐུམ་རྒྱག་དགོས་སམ།

ལན། མི་རྣམས་ལ་རིམས་ཐར་འགོག་ཡོལ་མ་ཆགས་གོང་།  མི་ཁག་ཅིག་གིས་རིམས་འགོག་སྨན་ཁབ་བརྒྱབ་ཀྱང་ཚང་མས་ད་དུང་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཀྱང་ལྷོད་གཡེང་དུ་གཏོང་མི་རུང་། ཕྱོགས་གཅིག་ནས་རིམས་འགོག་སྨན་ཁབ་ཀྱི་རིམས་འགོག་ལེགས་འགྲུབ་བྱུང་ཚད་ནི་ད་དུང་བརྒྱ་ཆའི་བརྒྱར་སླེབས་མེད་ལ། ནད་དུག་མཆེད་བཞིན་པའི་སྐབས་སུ་སྨན་ཁབ་བརྒྱབ་ཟིན་པའི་མི་ལའང་ནད་དུག་འགོ་བའི་ཉེན་ཁ་ཡོད་པ་རེད། ཕྱོགས་གཞན་ཞིག་ནས། རིམས་ཐར་འགོག་ཡོལ་གྲུབ་མེད་པའི་གནས་ཚུལ་འོག་པྲོག་གསར་ནད་དུག་སྔར་བཞིན་འགོ་སླ་བ་རེད། དེར་བརྟེན། རིམས་འགོག་སྨན་ཁབ་བརྒྱབ་རྗེས་མུ་མཐུད་དུ་ཁ་ཐུམ་རྒྱག་དགོས་པ་དང་། ལྷག་པར་དུ་མི་ཚོགས་འདུ་སའམ་མི་ཚོགས་མང་སར་ཁ་ཐུམ་རྒྱག་དགོས། གཞན་པའི་འགོག་སྲུང་བྱེད་ཐབས་ཏེ། དཔེར་ན། ལག་པ་གཙང་མར་བཀྲུ་བ་དང་ཁང་བའི་ནང་རླུང་རྒྱུ་རུ་འཇུག་པ། ཕན་ཚུན་འགྲོ་འོང་ཇེ་ཉུང་དུ་གཏོང་བ་སོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས།

བཅུ་གསུམ། སྨན་ཁབ་བརྒྱབ་ནས་དུས་ཡུན་ཅི་ཙམ་འགོར་རྗེས་ད་གཟོད་ལུས་སྟེང་དུ་འགོག་གཟུགས་ཐོན་ཐུབ།

ལན། དུས་ཐོག་མའི་པྲོག་དབྱིབས་ནད་དུག་མེད་པར་བཟོ་བའི་རིམས་འགོག་སྨན་ཁབ་ཀྱི་ནད་ཐོག་ཚོད་ལྟའི་ཞིབ་འཇུག་ལྟར་ན། ཐེངས་གཉིས་པའི་རིམས་འགོག་སྨན་ཁབ་བརྒྱབ་ནས་གཟའ་འཁོར་གཉིས་ཙམ་གྱི་རྗེས་སུ་རིམས་ཐར་ཕན་འབྲས་ལེགས་པོ་ཐོན་ཐུབ།

བཅུ་བཞི། རིམས་འགོག་སྨན་ཁབ་བརྒྱབ་རྗེས་གནས་ཚུལ་འདི་དག་བྱུང་ན་ཇི་ལྟར་བྱེད་དགོས།

ལན། གལ་ཏེ་མགོ་ན་བའམ་སྐྱུགས་མེར་ལངས་བ་དེར། ནད་ཐོག་ནས་ཚོད་ལྟ་བྱེད་པ་དང་མི་ལེགས་པའི་མངོན་རྟགས་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་ལས། ལུས་ཡོངས་མི་བདེ་བའི་མངོན་རྟགས་མང་ཆེ་བ་ནི་སྤྱིར་བཏང་གི་མངོན་རྟགས་ཡིན་པས། དེ་ལ་དམིགས་བསལ་དུ་སྨན་བཅོས་བྱེད་མི་དགོས། གལ་ཏེ་མངོན་རྟགས་ཇེ་ལྗིད་དུ་སོང་ན་དུས་ལྟར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས། གལ་ཏེ་སྨན་དང་པོ་མ་འཕྲོད་པར་ཚོར་ལྷག་ལོག་པའི་མངོན་རྟགས་ཆེན་པོ་ཡོད་ཚེ། རིམས་འགོག་སྨན་ཁབ་ཐེངས་གཉིས་པ་མ་བརྒྱབ་ན་བཟང་། །

ཡིག་སྒྱུར་བ། འབྲུག་མོ།